ཐའེ་ཝན་གྲོས་ཚོགས་སུ་ཁྱེར་ཡོང་བའི་ཁྲིམས་འཆར་བསྐྱར་བཅོས་དེས་ཤུགས་རྐྱེན་ག་ཚོད་སྤྲོད་ཐུབ་བམ།

ཉེ་ཆར་ཐའེ་ཝན་གྱི་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་ཕན་ཚུན་བར་ཁྲིམས་འཆར་གཅིག་དང་འབྲེལ་ནས་འཁྲུག་འཛིང་ཤོར་ཡོད་འདུག་པ་དང་། མི་མང་ཁྲོད་ནས་ཁྲིམས་འཆར་དེ་དང་འབྲེལ་ནས་གྲོས་ཚོགས་ཀྱི་ཕྱི་ལོགས་སུ་ངོ་རྒོལ་རྒྱག་མཁན་དུ་མ་འབྱུང་བཞིན་ཡོད་འདུག་ལ། ཁྲིམས་འཆར་དེ་ཁྲིམས་ཆགས་ན་གཞུང་འཛིན་སྲིད་དོན་ཚོགས་པའི་ལས་དོན་བྱེད་ཕྱོགས་ཐད་དཀའ་ངལ་འཕར་མ་ཞིག་ཆགས་རྒྱུ་ཡིན་འདུག
ཕྱི་ཚེས་༢༧ ཉིན (TaipelTimes)་གནས་ཚུལ་སྤེལ་གསལ་ལ་ལྟར་ན། བདུན་ཕྲག་སྔོན་མར་ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པས་ཁྲིམས་བསྐྱར་བཅོས་ཤིག་གྲོས་ཚོགས་སུ་ཁྱེར་ཡོང་བ་དང་། ཁྲིམས་འཆར་དེ་དང་འབྲེལ་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་སྲིད་དོན་ཚོགས་པ་གཉིས་བར་རྩོད་རྙོག་བྱུང་ཡོད་འདུག དེ་སྔོན་ཁྲིམས་འཆར་དེ་ལ་ཞིབ་འཇུག་བྱས་ཡོད་ཀྱང་མཐའ་མའི་དུས་ཚོད་རྫོགས་ནས་དེ་རིང་གཟའ་ཟླ་བའི་ཉིན་བསྐྱར་དུ་འགོ་འཛུགས་བྱེད་འཆར་ཡོད་པར་བརྗོད་འདུག གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་ཁྲིམས་
འཆར་དེ་ནི་ཐའེ་ཝན་གྱི་རྩ་ཁྲིམས་དང་མཐུན་གྱི་མེད་པ་དང་། གྲོས་ཚོགས་ཀྱི་དབང་ཆ་ལ་རྡོག་རོལ་གཏོང་གི་ཡོད་པ་རེད་ཅེས་རྗོད་ཀྱི་ཡོད་འདུག འོན་ཀྱང་། ཕྱོགས་འགལ་ཚོགས་པས་ཁྲིམས་འཆར་དེས་འཛིན་སྐྱོང་ལྷན་ཁང་ལ་ཕན་ཐོགས་ཆེན་པོ་ཡོད་ཚུལ་དང་། གཞུང་གི་ལས་དོན་བྱེད་ཕྱོགས་ཐད་ཕྱི་གསལ་ནང་གསལ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པར་བརྗོད་ཡོད་འདུག དེ་བཞིན་འཛིན་སྐྱོང་ལྷན་ཁང་དང་གྲོས་ཚོགས་གཉིས་བར་གྱི་དབང་ཆའི་ཐད་ལྗིད་སྙོམ་སྟངས་འཛིན་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པར་ཡང་བརྗོད་ཡོད་འདུག ཕྱོགས་འགལ་ཚོགས་པས་བརྗོད་དོན་ལ་ད་ལྟའི་ཁྲིམས་འཆར་དེ། དེ་སྔོན་དམངས་གཙོ་ཡར་ཐོན་ཚོགས་པས་གྲོས་ཚོགས་སུ་ངོ་སྤྲོད་བྱས་མྱོང་ཡོད་པ་ཞིག་རེད་ཅེས་བརྗོད་ཡོད་འདུག གོ་མིན་ཏང་སྲིད་དོན་ཚོགས་པ་དང་། ཐའེ་ཝན་མི་མང་སྲིད་དོན་ཚོགས་པ་གཉིས་ཀྱིས་ཐེངས་འདིའི་ཁྲིམས་འཆར་དེས་གཞུང་གི་ལས་དོན་རྣམས་ཕྱི་གསལ་ནང་གསལ་ཡང་བཟོ་ཐུབ་པ་དང་། གཞུང་གི་ལས་དོན་བྱེད་ཕྱོགས་ཐད་སྟངས་འཛིན་ཡག་པོ་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པར་བརྗོད་ཡོད་འདུག ཁྲིམས་འཆར་དེའི་ནང་གཞུང་གི་སྲིད་བྱུས་དང་། དམག་དོན་གྱི་སྐོར། སྒེར་གྱི་ཚོང་གཉེར་ཁང་། དེ་བཞིན་མི་སྒེར་སུ་ཞིག་གི་སྐོར་གྲོས་ཚོགས་སུ་གླེང་སློང་བྱུང་ཚེ། གཞུང་གི་ལས་བྱེད་ཚོས་གྲོས་ཚོགས་སུ་ལན་འདེབས་བྱེད་དགོས་པ་དང་། དེ་སྔོན་གྲོས་ཚོགས་སུ་ལན་འདེབས་ཡག་པོ་བྱེད་ཀྱི་མེད་པར་བརྟེན། ད་ལྟའི་འཆར་ལན་འདེབས་ངེས་པར་དུ་ཡག་པོ་བྱེད་དགོས་པ་དང་། དེ་བཞིན་གནད་དོན་དེ་དང་འབྲེལ་བ་ཞིབ་འཇུག་ཆེད་དུ་ཡིག་ཆ་ཁག་སྤྲོད་དགོས་ཀྱི་ཡོད་འདུག གལ་སྲིད་ལན་འདེབས་དང་ཞིབ་འཇུག་གི་ཆེད་དུ་ཡིག་ཆ་སོགས་སྤྲད་རྗེས་གོང་གསལ་ལན་འདེབས་དེ་རྫུན་མ་ཡིན་པ་རྙེད་སོན་བྱུང་ཚེ་ཨ་སྒོར་འབུམ་གཅིག་ནས་གཉིས་བར་ཉེས་ཆད་གཅོད་རྒྱུ་དང་། གནད་དོན་གང་ཞིག་ལ་ཞིབ་འཇུག་ཆེད་དུ་གནད་དོན་དང་འབྲེལ་བའི་གང་ཟག་སུས་རོགས་རམ་མ་བྱས་ཚེ་ཨ་སྒོར་འབུམ་གཅིག་ཉེས་ཆད་གཅོད་རྒྱུ་ཡིན་པ་འཁོར་ཡོད་འདུག དེ་བཞིན་ཐའེ་ཝན་སྲིད་འཛིན་གྱིས་ལོ་རེར་གྲོས་ཚོགས་སུ་གཏམ་བཤད་བྱེད་དུས། སྲིད་འཛིན་ལ་དྲི་བ་འདྲི་དགོས་པ་དང་། དེ་བཞིན་སྲིད་འཛིན་གྱི་ངོས་ནས་ལན་འདེབས་དུས་ཐོག་རྒྱག་དགོས་པ་འཁོད་ཡོད་འདུག དམངས་གཙོ་ཡར་ཐོན་ཚོགས་པས་བརྗོད་དོན་ལ་ཕྱོགས་འགལ་ཚོགས་པས་ཁྲིམས་འཆར་དེ་ལག་ཆ་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། དེ་ལག་ཆ་བཟོས་ནས་ད་ལྟའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་པ་མ་ཟད། གཞུང་གི་གསང་བའི་ལས་དོན་མང་པོ་ཞིག་གི་ཐོག་ཏུ་ཡང་ཐེ་གཏོགས་བྱེད་ཐབས་བྱེད་ཀྱི་ཡོད་པ། དེ་བཞིན་ཁྲིམས་འཆར་དེ་ཐོག་མར་ཚོགས་ཆུང་གིས་ཞིབ་འཇུག་བྱས་ནས་གྲོས་ཚོགས་སུ་འཁྱེར་དགོས་ཀྱང་། དེ་ལྟར་བྱས་མེད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག དམག་དོན་དང་འབྲེལ་བའི་གནད་དོན་གཞན་ཞིག་ནི་ཐའེ་ཝན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་ཕྱོགས་ཐད་ཀྱི་གནད་དོན་ཡིན་འདུག་པར་བརྟེན། གལ་སྲིད་གྲོས་ཚོགས་སུ་གནད་དོན་དེ་དག་གི་སྐོར་གླེང་སློང་བྱུང་ཚེ་སྲིད་འཛིན་གྱི་ངོས་ནས་ལན་འདེབས་བྱེད་དགོས་པ་དང་། ལན་བཏབ་ཚེ་རྒྱལ་ཁབ་ཀྱི་གསང་བ་མང་པོ་ཞིག་ལ་ཡང་དཀའ་ངལ་འཕྲད་སྲིད་པ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
