ཐའེ་ཝན་དང་འབྲེལ་ནས་རྒྱ་ནག་གིས་བྷི་བྷི་སི་གསར་ཁང་ལ་སྐྱོན་བརྗོད་བྱས་འདུག 

ཉེ་ཆར་ཨོ་རྩལ་འགྲན་ཚོགས་དང་བསྟུན་ནས། བྷི་བྷི་སི་གསར་ཁང་གིས་ཨོ་རྩལ་འགྲན་ཚོགས་ཁག་གི་སྐབས་སུ། ད་བར་ཐའེ་ཝན་གྱི་མིང་འདྲ་མིན་ཐོག་མཉམ་ཞུགས་བྱས་པའི་ལོ་རྒྱུས་སོགས་ལ་འགྲེལ་བཤད་བརྒྱབ་པར། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཆེན་པོ་བྱས་འདུག 

ཟླ་༨ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བྷི་བྷི་སི་གསར་ཁང་གི་རྒྱ་ཡིག་དྲ་ཐོག་ཏུ། ད་བར་གྱི་ཨོ་རྩལ་འགྲན་ཚོགས་ཁག་ཏུ་ཐའེ་ཝན་གྱི་རུ་ཁག་གི་མིང་འདྲ་མིན་ཐོག་མཉམ་ཞུགས་བྱས་པའི་ལོ་རྒྱུས་དང་རྩོད་རྙོག་སོགས་ཀྱི་ཐོག་རྩོམ་ཡིག་ཅིག་སྤེལ་ཡོད་འདུག 

དེའི་ནང་རྒྱ་ནག་སྐམ་ས་ཆེན་མོ་དང་ཉི་ཧོང་ནང་ཐའེ་ཝན་གྱི་རུ་ཁག་ལ་མིང་འདྲ་མིན་བེད་སྤྱོད་བྱེད་ཀྱི་ཡོད་པའི་ཐོག་ཞིབ་འཇུག དེ་བཞིན་ཕྱི་ལོ་༡༩༧༩ ལོར་ཐའེ་ཝན་གྱི་ཨོ་རྩལ་རུ་ཁག་ལ་གཞུང་འབྲེལ་གྱི་མིང་(Chinese Taipei) ཞེས་པ་དེ་གཏན་འབེབས་མ་བྱས་པའི་སྔོན་དུ། རུ་ཁག་དེས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ། ཐའེ་ཝན། ཧྥོར་མོ་སཱ་(Formosa) སོགས་ཀྱི་མིང་རྣམས་བེད་སྤྱོད་བཏང་ནས་མཉམ་ཞུགས་བྱས་པ།  མིང་དེ་དག་ཀྱང་དུས་སྐབས་སོ་སོར་་ཐའེ་ཝན་དང་རྒྱ་ནག་གི་འབྲེལ་ལམ་ལ་བརྟེན་ནས་བེད་སྤྱོད་བྱས་ཡོད་སྐོར་བརྗོད་ཡོད་འདུག

རྩོམ་ཡིག་དེ་དང་འབྲེལ་ནས་ཚེས་༤ ཉིན་དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། བྷི་བྷི་སིའི་རྒྱ་ཡིག་སྡེ་ཚན་གྱིས་བསྟུད་མར་ཨོ་རྩལ་འགྲན་ཚོགས་སྐབས་སུ་(China Taipei) རུ་ཁག་གི་མིང་དེ་འུར་སྒྲོག་གིས་ཁྱབ་སྤེལ་ཆེན་པོ་གཏོང་ཐབས་བྱེད་བཞིན་པ་དེར་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པས། རྒྱ་ནག་གིས་གསར་ཁང་དེ་རིགས་ཀྱིས་རྒྱལ་སྤྱིའི་ཐོག་ནས་མང་མོས་ཀྱིས་ཁས་ལེན་བྱེད་པའི་ལམ་ལུགས་ལ་བརྩི་བཀུར་དང་ཆེད་ལས་པའི་བཟང་སྤྱོད་ལ་ཞུགས་ནས། རྩེད་རིགས་རྣམས་ཆབ་སྲིད་ཀྱི་ངོ་བོར་མི་སྒྱུར་བ། ཨོ་རྩལ་འགྲན་ཚོགས་ཀྱི་རྩེད་འགྲན་རྣམས་ལ་ཐེ་བྱུས་མཚམས་འཇོག་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

དེ་བཞིན་འཛམ་གླིང་འདིའི་ནང་རྒྱ་ནག་གཅིག་ལས་མེད་པ་དང་། ཐའེ་ཝན་དེ་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་མངའ་ཁོངས་ཡིན་པ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་རྒྱ་ནག་གི་སྐུ་ཚབ་མཚོན་མཁན་གྱི་ཁྲིམས་མཐུན་གཞུང་ཁོ་ན་དེ་ཡིན་པས། དྲང་བདེན་དང་རེ་དོགས་བྲལ་བའི་བདེན་པ་དེ་ནི་འགྱུར་བ་འགྲོ་རྒྱུ་མིན་སྐོར་བརྗོད་འདུག 

རྒྱལ་སྤྱིའི་ནང་ཐའེ་ཝན་ལ་རྒྱབ་སྐྱོར་དང་ངོས་འཛིན་བྱེད་ཕྱོགས་ལ་འགྱུར་བ་འགྲོ་བཞིན་པའི་རྣམ་པ་ཐོན་གྱི་ཡོད་པས། རྒྱ་ནག་གིས་གནད་དོན་དེ་རིགས་ལ་དུས་རྟག་ཏུ་སྐྱོན་བརྗོད་དང་སྡིགས་བསྐུལ་བྱེད་ཀྱི་ཡོད་པ་རེད། 

ཉི་ཧོང་གི་ལོ་འཁོར་རྒྱལ་སྲུང་སྙན་ཐོ་སྔོན་མ་དག་གི་ནང་དུ་ཐའེ་ཝན་དང་རྒྱ་ནག་གཉིས་ས་ཁྲ་གཅིག་དང་ལེའུ་གཅིག་གི་ནང་དུ་འཇོག་སྲོལ་ཡོད་པར་བརྟེན། ཐའེ་ཝན་གྱི་མི་མང་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག ཡིན་ན་ཡང་ཟླ་༧ པའི་ནང་དུ་པར་སྐྲུན་བྱས་པའི་རྒྱལ་སྲུང་སྙན་ཐོ་གསར་ཤོས་ནང་དུ། རྒྱ་ནག་དང་ཐའེ་ཝན་གཉིས་དབྱེ་བ་ཕྱེ་ནས་ཉི་ཧོང་རྒྱལ་སྲུང་ལས་ཁུངས་ཀྱི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད་པ་རེད་ལ། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་ཡང་ཐའེ་ཝན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།