ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ།

ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་བསྐྱར་དུ་ཐེངས་གསུམ་པའི་རྒྱལ་ཁབ་ཐོབ་འདུག ཟླ་འདིའི་ཚེས་༡༣ ཉིན་ཐའེ་ཝན་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང་། འོས་བསྡུའི་ནང་སྲིད་དོན་ཚོགས་པ་གསུམ་ཡོད་པ་དང་། སྲིད་དོན་ཚོགས་པ་གསུམ་པོའི་ཁྲོད་སུ་ལ་རྒྱལ་ཁ་ཐོབ་ཀྱང་འབྱུང་འགྱུར་གྱི་མི་ལོ་བཞིའི་རིང་གཞུང་འཛིན་ཆགས་རྒྱུ་ཡིན་པ་རེད། ཚེས་༡༣ གྱི་ཕྱི་དྲོར་རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པ་ཐེངས་འདིའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ནས་བསྐྱར་དུ་འབྱུང་འགྱུར་མི་ལོ་བཞིའི་རིང་གཞུང་འཛིན་རྒྱུ་ཡིན་འདུག ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་དོན་ཚོགས་པ་གསུམ་ཡོད་ཅིང་། དམངས་གཙོ་ཡར་ཐོན་ཚོགས་པ་དང་། གོ་མིན་ཏང་སྲིད་དོན་ཚོགས་པ། ཐའེ་ཝན་མི་མང་སྲིད་དོན་ཚོགས་པ་བཅས་གསུམ་པོ་ཡིན་འདུག ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་བསྐྱར་དུ་ཐོབ་པར་བརྟེན། ལོ་འདིའི་ཕྱི་ཟླ ༥ ཚེས་༢༠ ལ་གཞུང་གསར་པའི་ལས་དོན་དབུ་འཛུགས་གནང་རྒྱུ་ཡིན་འདུག འོན་ཀྱང་། ཐའེ་ཝན་གྱི་གྲོས་ཚོགས་ནང་དམངས་གཙོ་ཡར་ཐོན་ཚོགས་པར་རྐུབ་སྟེགས་༥༡ དང་། གོ་མིན་ཏང་སྲིད་དོན་ཚོགས་པ་ལ་རྐུབ་སྟེགས་༥༢ ཐོབ་སྟེ་གྲོས་ཚོགས་ནས་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁབ་ཐོབ་མི་འདུག་པར་བརྟེན། མ་འོངས་གྲོས་ཚོགས་ནང་ལས་དོན་རིགས་ཐག་གཅོད་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་བཞིན་ཡོད་འདུག ཉིན་དེའི་ཕྱི་དྲོར་ཐའེ་ཝན་དམངས་གཙོ་སྲིད་དོན་ཚོགས་པའི་འོས་མི་(William Lai Ching te)དང་འབྱུང་འགྱུར་ཐའེ་ཝན་གྱི་སྲིད་འཛིན་གསར་པས་འོས་བསྡུའི་རྒྱལ་ཁ་ཐོབ་པའི་གཏམ་བཤད་སྐབས་སུ། དེ་རིང་གི་འོས་བསྡུ་དེའི་བརྒྱུད་ནས་གནད་དོན་གལ་ཆེན་པོ་གསུམ་མཚོན་གྱི་ཡོད་རེད་ཅེས་བརྗོད་འདུག གནད་དོན་དེ་དག་ལས། དང་པོ་དེ་ཐའེ་ཝན་མི་མང་གིས་དམངས་གཙོ་དང་དབང་ཆ་གཅིག་སྡུད་རིང་ལུགས་གཉིས་ལས་དམངས་གཙོ་བདམས་ཡོད་པས་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་ཞིག་བཏང་བ་རེད་ལ། མ་འོངས་པར་རྒྱ་ནག་མི་སེར་རྒྱལ་ཁབ་ཐའེ་ཝན་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་དཔུང་པ་མཉམ་གཤིབ་ཐོག་ནས་འགྲོ་ཡི་རེད་ཅེས་པའི་བརྡ་ལན་དང་པོ་དེ་གཏང་བ་རེད་ཅེས་བརྗོད་པ་དང་། གཉིས་པ་དེ་ཐའེ་ཝན་མི་མང་གི་ལག་ལེན་དངོས་ཀྱི་ཐོག་ནས་ཕྱི་ནས་ཡོང་བའི་བྱ་སྤྱོད་ངན་པ་དང་འཇིགས་སྐུལ་ལ་ནམ་ཡང་མགོ་སྒུར་གྱི་མ་རེད་ལ། ང་ཚོའི་སྲིད་འཛིན་ནི་ང་ཚོས་འདེམས་ཀྱི་རེད་མ་གཏོགས། ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་བརྗོད་པ་རེད་ཟེར། གསུམ་པ་དེ་ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་དོན་ཚོགས་པ་གསུམ་ཡོད་ཀྱང་། ཐའེ་ཝན་མི་མང་གིས་དམངས་གཙོ་ཡར་ཐོན་ཚོགས་པ་བདམས་ནས་རྒྱལ་སྤྱི་དང་མཐུན་པའི་ཐོག་ནས་གོམ་པ་མདུན་སྐྱོད་བྱེད་རྒྱུ་ལས་ཕྱིར་ལོག་རྒྱག་རྒྱུ་མིན་པར་བརྗོད་པ་རེད་ཅེས་བརྡ་ལན་གསུམ་དེ་སྤྲད་པ་རེད་ཅེས་བརྗོད་འདུག ཡང་(Beijing’s Taiwan Affairs)པེ་ཅིན་ཐའེ་ཝན་ལས་དོན་ལྷན་ཚོགས་ཟེར་བས་བརྗོད་དོན་ལ། ཐའེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་ཟླ་སྒྲིལ་གཏོང་རྒྱུ་ནི་ཟློག་ཐབས་མེད་པ་ཞིག་རེད་ཅེས་བརྗོད་ཡོད་འདུག འོན་ཀྱང་། ཐེངས་འདིའི་འོས་བསྡུ་ལ་དམིགས་ཏེ་རྒྱ་ནག་གིས་འདས་པའི་ཟླ་བ་མང་པོ་ནས་ཐའེ་ཝན་ལ་འཇིགས་སྐུལ་དང་སྡིགས་ར་བསྐུལ་ཡོད་ཀྱང་། དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་རེད། མ་འོངས་པར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་། ཐའེ་ཝན་དང་རྒྱ་ནག་བར་འགལ་ཟླ་སྔར་ལྷག་ཇེ་ཆེར་འགྲོ་སྲིད་པ་ཡིན་འདུག ཐེངས་འདིའི་འོས་བསྡུའི་ནང་དམངས་གཙོ་ཡར་ཐོན་ཚོགས་པར་འོས་གྲངས་ས་ཡ་༥ དང་འབུམ་༦ ཙམ་ཐོབ་ཡོད་འདུག་པ་དང་། གོ་མིན་ཏང་སྲིད་དོན་ཚོགས་པ་ལ་འོས་གྲངས་ས་ཡ་༤ དང་འབུམ་༧ ཙམ་དང་། ཐའེ་ཝན་མི་མང་སྲིད་དོན་ཚོགས་པ་ལ་ས་ཡ་༣ དང་འབུམ་༧ ཙམ་ཐོབ་ཡོད་འདུག ཐེངས་འདི་བྱས་ན་དམངས་གཙོ་ཡར་ཐོན་ཚོགས་པར་མུ་མཐུད་ནས་དུས་ཡུན་གསུམ་བསྟུད་མར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པས་ཐའེ་ཝན་གླིང་ཕྲན་གྱི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།