ཐའེ་ཝན་དུ་༧གོང་ས་མཆོག་གདན་འདྲེན་ཞུ་མི་ཆོག་པའི་ཉེན་བརྡ།

དེ་རིང་ཞོགས་པར་རོའུ་ཊར་གསར་ཁང་དང་། རྒྱ་ནག་ཤིན་ཧ་གསར་ཁང་བཅས་སུ་གནས་ཚུལ་འཁོད་གསར་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༤ ཉིན་ཐའེ་ཝན་དང་འབྲེལ་བའི་གནད་དོན་སྐོར་གྱི་རྒྱ་ནག་གི་མགྲིན་ཚབ་པ། མ་ཤིན་གོང་ (Ma Xiaoguang) གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག

དེ་ཡང་མ་ཤིན་གོང་གིས་བཤད་དོན་དུ། “ཐའེ་ཝན་གྱི་ཤོག་ཁག་ཁ་ཤས་ཀྱིས་བོད་རང་བཙན་རྩོད་མཁན་ཁ་བྲལ་རིང་ལུགས་དང་མཉམ་དུ་ཇུས་ངན་བཤམ་ནས། རྩོད་རྙོག་སློང་བའི་ཀུན་སློང་འཆང་བ་དེས། ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་དོ་ཕོགས་ཆེན་པོ་ཐེབས་ཀྱི་རེད་”ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཁོས་“ང་ཚོའི་ངོས་ནས་ཏཱ་ལའི་བླ་མ་ཐའེ་ཝན་དུ་ཡོང་བར་མཐའ་གཅིག་ཏུ་དགག་བྱ་ཡོད་”ཅེས་བརྗོད་ཡོད་འདུག

ད་ཐེངས་རྒྱ་གཞུང་གིས་གསར་འགོད་གསལ་བསྒྲགས་འདི་སྤེལ་དོན་ནི། ཉེ་ཆར་ཐའེ་ཝན་གྲོས་ཚོགས་འཐུས་མི་ཧྥེ་ཊི་ ལིམ་(Freddy Lim)དང་། ལྕམ་ཀོ་ལ་སི།(Kolas) དེ་བཞིན་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་ཧོང་སོམ་ལི་(Huang Song Li)བཅས་རྒྱ་གར་དྷ་རམ་ས་ལར་ཡོང་སྐབས། སྙན་གྲགས་ཆེ་བའི་ཐའེ་ཝན་གྲོས་ཚོགས་འཐུས་མི་ཧྥེ་ཊི་ ལིམ་གྱིས། ༧གོང་ས་མཆོག་ལ་ཐའེ་ཝན་ནང་ཕེབས་རོགས་ཞེས་ཞུས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༦ཉིན་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ སུ་ཇི་ ཅུན་(Su Jia-chyuan)གྱིས་ཀྱང་༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་ནས་གྲོས་ཚོགས་ནང་གསུང་བཤད་གནང་བར་དགའ་བསུ་ཡོད་ཅེས་གསུངས་ཡོད་པ་དང་། དེ་བཞིན་ཁོང་གིས་མང་གཙོ་དང་རང་དབང་གོང་འཕེལ་གཏོང་མཁན་སུ་ཞིག་ཕེབས་ནའང་དགའ་བསུ་ཡོད་ཅེས་བརྗོད་ཡོད་པ་བཅས་ལ་བརྡ་ལན་ཞིག་ཡིན་འདུག

འདི་ལོའི་ཕྱི་ཟླ་དང་པོའི་ནང་འདེམས་ཐོན་བྱུང་བའི་ད་ལྟའི་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ཚི་ཨིང་ ཝེན་(Tsai Ing-wen)གྱིས། ༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་ཡི་ཡིན་མིན་གྱི་ཐོག་ལ། ད་བར་ཡོངས་གྲགས་སུ་གང་ཡང་གསུང་མེད་རུང་། རྒྱ་གཞུང་གིས་ངོས་ནས་མོ་དང་རང་བཙན་ཕྱོགས་གཏོགས་ཀྱི་མོ་རང་གི་ཤོག་ཁག་གཉིས་ཀྱིས། རྒྱ་ནག་གཞུང་དང་མཉམ་དུ་ཞི་བའི་འབྲེལ་ལམ་ཞིག་འཛིན་མིན་གྱི་ཐད་ལ་དོགས་གཞི་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།