ཐའེ་ཝན་དུ་༧གོང་ས་མཆོག་གི་ཡང་སྲིད་ལམ་ལུགས་དང་མ་འོངས་བོད་རྒྱའི་གནད་དོན་གྱི་ཁ་ཕྱོགས་ཞེས་པའི་བགྲོ་གླེང་ཚོགས་འདུ།

ཉེ་ཆར་ཉིན་གཉིས་རིང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་ལམ་ལུགས་དང་མ་འོངས་བོད་རྒྱའི་གནད་དོན་གྱི་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཏུ་མཁས་པའི་བགྲོ་གླིང་ཞིག་གོ་སྒྲིག་ཞུས་འདུག

པར། Taipei Times


ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༡༧ ཉིན་(Taipei Times) དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་ལ། ཕྱི་ཚེས་༡༥ དང་༡༦ ཉིན་གཉིས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་ལམ་ལུགས་དང་མ་འོངས་བོད་རྒྱའི་གནད་དོན་གྱི་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཏུ་མཁས་པའི་བགྲོ་གླིང་ཞིག་གོ་སྒྲིག་ཞུས་འདུག མཁས་པའི་བགྲོ་གླིང་སྐབས་སུ། ཐའེ་ཝན་གྱི་མཁས་པ་དང་། ཧོང་ཀོང་བ། ཨ་རི་བ། བོད་པ། སོག་པོ། ཤར་ཏུར་ཀི་སི་ཐན་བཅས་ལས་འགུལ་བ་དང་མཁས་པ་བཅས་མཉམ་ཞུགས་གནང་འདུག དེ་བཞིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་བ་རི་ཟླ་བ་ཚེ་རིང་ཡང་ཕེབས་གནང་འདུག
ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཡོངས་གྲགས་སུ་བརྗོད་བཞིན་པ་ནི་མ་འོངས་པ་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་རྒྱ་ནག་ནང་དུ་ངོས་འཛིན་བྱེད་དགོས་ཚུལ་དང་། ཆབ་སྲིད་ཐོག་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ། ལོ་རྒྱུས་ཐོག་ནས་བདག་དབང་ཡོད་ཚུལ་སོགས་བརྗོད་ཀྱི་ཡོད་ཀྱང་། ཉེ་ཆར་ཚོགས་འདུའི་ཐོག་ཏུ་ཕེབས་པའི་མཁས་པ་ཚང་མས་བརྗོད་དོན་ལ། གལ་སྲིད་རྒྱ་གཞུང་གིས་རྒྱ་ནག་ནང་༧གོང་ས་མཆོག་གི་ཡང་སྲིད་ཅིག་ངོས་འཛིན་བྱས་ཚེ། ཡང་སྲིད་དེ་ལ་བོད་མི་གཙོས་པའི་གཞན་ནང་པ་སུ་གཅིག་གིས་ཀྱང་གུས་བཀུར་དང་ཆེ་མཐོང་སྤྲོད་ཀྱི་མ་རེད་ཅེས་བརྗོད་འདུག དེ་བཞིན་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པའི་དཔེ་དེབ་རྩོམ་པ་པོ་ལུའུ་ཧན་ཆེན་(Liu Han-cheng)གྱིས་ཕྱི་ལོ་༡༩༤༩ སྔོན་དུ་རྒྱ་ནག་གིས་བོད་ལ་དབང་བསྒྱུར་མྱོང་མེད་པར་བརྟེན། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་དང་། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་ལུགས་དེ་རྒྱ་ནག་གི་ཆོས་ཕྱོགས་ཀྱི་བྱ་བ་དང་། ཁྲིམས་ལུགས་བཅས་ནས་ནམ་ཡང་བྱུང་མྱོང་མེད་པ་བརྟེན། ལོ་རྒྱུས་དང་། ཁྲིམས་ལུགས། བཟང་སྤྱོད་སོགས་གང་གི་མཐའ་ནས་ཀྱང་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་ལ་ནམ་ཡང་བདག་དབང་མེད་ཅེས་བརྗོད་འདུག ད་དུང་ཁོང་གིས་ཕྱི་ལོ་༡༩༤༩ རྒྱ་ནག་དམར་ཤོག་གཞུང་མ་བཙུགས་གོང་དུ་རྒྱ་ནག་གིས་བོད་ནང་ཤུགས་རྐྱེན་ཆེན་པོ་མེད་ཅིང་། དམིགས་བསལ་(Qing) ཆིང་རྒྱལ་རབས་སྐབས་བོད་ནང་རྒྱ་མི་ཉུང་ཤས་ཤིག་ལས་མེད་པ་དང་། ཕྱིས་སུ་ཆིང་རྒྱལ་རབས་མེད་པ་ཆགས་དུས་བོད་ནང་ཡོད་པའི་རྒྱ་མི་རྣམས་དབྱིན་ཇི་ཡིས་བོད་པ་རྒྱབ་སྐྱོར་བྱས་ནས་རྒྱ་མི་དེ་དག་བོད་ནས་ཕྱིར་ཕུད་བྱས་ཡོད་པས། ལོ་རྒྱུས་ཐོག་ནས་རྒྱ་ནག་ལ་བོད་ཐོག་བདག་དབང་ཡོད་ཅེས་བརྗོད་པ་ནི་བདེན་པ་མིན་ཞེས་བརྗོད་འདུག
དེ་བཞིན་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ཡིག་དུས་དེབ་པེ་ཅིང་གི་དཔྱིད་ཀ་(Beijing Spring)ཞེས་པའི་རྩོམ་སྒྲིག་པ་ཧུའུ་པིན་ (Hu Ping)ཞེས་པས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ཐོབ་ཐང་རྒྱ་ནག་ལ་ཡོད་ཚུལ་དང་། རྒྱུ་མཚན་ནི་ཆ་རྐྱེན་གཙོ་བོ་གསུམ་ཚང་ཡོད་པ་བརྗོད་ཀྱི་ཡོད་ཀྱང་། ཆ་རྐྱེན་དེ་དག་ནི་ཁུངས་ལུང་རྩ་བ་ནས་མེད་པ་བརྗོད་འདུག ཆ་རྐྱེན་གཅིག་དེ་༧གོང་ས་མཆོག་གི་སྐུ་ཕྲེང་གོང་མ་རྣམས་རྒྱ་ནག་གི་མངའ་ཁུངས་སུ་འཁྲུངས་ཡོང་ཚུལ་རྗོད་ཀྱི་ཡོད་ཀྱང་། ༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་རྣམས་རྒྱལ་ཁབ་ཅིག་གི་ས་མཚམས་ལས་བརྒལ་ནས་འཁྲུངས་ཡོད་པ་དང་། དཔེར་ན་། སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་སོག་ཡུལ་དུ་སྐུ་འཁྲུངས་ཡོད་པ།
ཆ་རྐྱེན་གཉིས་པ་གསེར་བུམ་དཀྲུགས་ནས་འདེམས་ཡོད་ཚུལ་བརྗོད་པ་ནི་རྫུན་མ་ཡིན་པ། རྒྱུ་མཚན་ནི་སྐུ་ཕྲེང་རིམ་བྱོན་དེ་དག་ནས་རྒྱ་ནག་གི་ཆིང་རྒྱལ་བརྒྱུད་སྐབས་སུ་སྐུ་ཕྲེང་གཅིག་གམ་ཡང་ན་གཉིས་ལ་གསེར་བུམ་དཀྲུགས་ནས་ཡང་སྲིད་ངོས་འཛིན་བྱས་ཡོད་སྲིད་ཀྱང་། གཞན་རྣམས་ལ་ནམ་ཡང་གསེར་བུམ་དཀྲུགས་ནས་ཡང་སྲིད་ངོས་འཛིན་བྱེད་མྱོང་མེད་པ།
ཆ་རྐྱེན་གསུམ་པ་དེ་མ་འོངས་པ་༧གོང་ས་མཆོག་གི་ཡང་སྲིད་དེ་རྒྱ་ནག་དམར་ཤོག་གཞུང་ནས་ངོས་འཛིན་བྱས་པ་ཞིག་དགོས་ཀྱི་ཡོད་པ་བརྗོད་ཀྱི་ཡོད་ཀྱང་། རྒྱ་ནག་གི་ངོས་འཛིན་བྱེད་པ་དེ་ལ་བོད་མི་དང་གཞན་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་བརྗོད་འདུག ཚོགས་འདུ་ཐོག་ཏུ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས་གང་སྲིད་མ་འོངས་པའི་༧གོང་ས་མཆོག་གི་ཡང་སྲིད་དེ་ཐའེ་ཝན་ནང་འཁྲུངས་ཚེ། རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་རྒྱ་ནག་ནང་བྱེད་དགོས་ཞེས་པའི་ལངས་ཕྱོགས་དེ་རྩ་བ་ནས་མེད་པ་འགྱུར་རྒྱུ་ཡིན་པ་དང་། འདི་ལོ་ཕྱི་ཟླ་༧ ནས་༧གོང་ས་མཆོག་ནས་མ་འོངས་སྐུའི་ཡང་སྲིད་ཀྱི་འགན་དབང་ཆ་དགའ་ལྡན་ཕོ་བྲང་གཅིག་པུ་ལ་ཡོད་ཅེས་གསུངས་ཡོད་པ་ཡང་བརྗོད་འདུག གནད་དོན་དེ་ལ་ཐའེ་ཝན་རྒྱལ་ཡོངས་སྨན་གྱི་མཐོ་སློབ་(National Taiwan University College of Medicine)ཀྱི་སློབ་དཔོན་ཆང་ཀུའུ་ཆེན་(Chang Kuo-chen)གྱིས་གལ་སྲིད་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དེ་ཐའེ་ཝན་ནང་འཁྲུངས་ཚེ་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པ་དེ་དག་བར་འགལ་བ་ཆགས་རྒྱུ་ཡིན་པ་བརྗོད་འདུག་ལ། གལ་སྲིད་ཐའེ་ཝན་དེ་རྒྱ་ནག་གི་དབང་འོག་ཏུ་ཤོར་ཚེ་ཐའེ་ཝན་ལ་བོད་ལས་ལྡབ་མང་པོས་དཀའ་ངལ་ཆེ་བ་མྱོང་རྒྱུ་ཡིན་པ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།