ཐའེ་ཝན་དུ་བོད་མི་སྐྱབས་བཅོལ་བ་སྡོད་རྒྱུའི་ཁྲིམས་ལ་བསྐྱར་བཅོས།
ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་ཚེས་༢༩ སྔོན་དུ་རྒྱ་གར་དང་བལ་ཡུལ་ནས་ཐའེ་ཝན་དུ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་རྣམས། རྒྱལ་ཁབ་དེ་གར་སྡོད་ཆོག་པ་དང་ལས་ཀ་བྱེད་ཆོག་པའི་ཁྲིམས་འཆར་བསྐྱར་བཅོས་ཞིག་ལ། ཐའེ་ཝན་གྱི་གྲོས་ཚོགས་ནང་མང་མོས་རྒྱབ་སྐྱོར་ཐོབ་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡ ཉིན་གྱི་ཐའེ་ཝན་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཐའེ་ཝན་གྱི་སྐྱབས་བཅོལ་གནས་སྤོའི་ཁྲིམས་ལུགས་ནང་དུ་ལུང་པ་མེད་པའི་བོད་མི་རྣམས་ལ་གནས་སྡོད་ཆོག་པ་དང་ལས་ཀ་བྱེད་ཆོག་པའི་ཆོག་མཆན། དེ་སྔོན་ཕྱི་ལོ་༡༩༩༩ ལོའི་ཟླ་༥ པའི་ཚེས་༢༡ ནས་ཕྱི་ལོ་༢༠༠༨ ལོའི་ཟླ་༡༢ པའི་ཚེས་༣༡ བར་རྒྱ་གར་དང་བལ་ཡུལ་ནས། ཐའེ་ཝན་དུ་སྐྱབས་བཅོལ་དུ་སླེབས་མཁན་བོད་མི་རྣམས་ལ་ཐོབ་ཀྱི་ཡོད་པ་གསལ་ཡོད་ཀྱང་། ཐེངས་འདིར་གྲོས་ཚོགས་ནང་དུ་ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་ཚེས་༢༩ སྔོན་དུ་སླེབས་མཁན་རྣམས་ཚུད་པ་བཟོ་རྒྱུའི་གྲོས་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་འདུག་པ་དང་། བོད་མི་དེ་དག་ཟླ་ཚེས་ལོ་གྲངས་དེའི་སྔོན་དུ་ཐའེ་ཝན་ལ་འབྱོར་ཡོད་དགོས་པ་དང་། བོད་སོག་ལས་ཁུངས་ཀྱིས་བོད་མི་དེ་དག་ངོས་འཛིན་བྱས་རྗེས། ཐའེ་ཝན་ལས་ཕྱིར་ལོག་བྱ་དགོས་པའི་བཙན་སྐུལ་བྱས་མེད་པ་དགོས་ཀྱི་ཡོད་འདུག
ཐའེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཀཱོ་ལ་སེ་ཡོ་ཏ་ཀ་ཡིས་ཁྲིམས་གསར་དེ་ལས་བོད་མི་༡༦ ཙམ་ལ་གནས་སྡོད་དང་ལས་ཀ་བྱེད་པའི་ཆོག་མཆན་ཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཀྱིས། བོད་མི་མང་པོ་ཞིག་རང་གི་ལུང་པ་རང་དབང་མེད་པར་བཞག་ནས་སྐྱབས་བཅོལ་དུ་འགྲོ་དགོས་པ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༠༩ ལོ་ནས་བོད་ནང་དུ་བོད་མི་༡༠༠ ལས་མང་བས་རང་སྲེག་རྒྱ་རྒོལ་བྱས་པ། བོད་མི་༦༨༠༠ ལས་མང་བ་འཇུ་བཟུང་བྱས་ཡོད་པ། རང་སྲེག་རྒྱ་རྒོལ་གནང་མཁན་གྱི་ནང་མིར་ཉེས་པ་བཏང་གི་ཡོད་པ་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།