ཐའེ་ཝན་ནང་འདས་པའི་ལོ་༢༥ རིང་བྱུང་མྱོང་མེད་པའི་ས་ཡོམ་གྱི་གོད་ཆག

ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོའི་ནང་ས་ཡོམ་ཡང་ཡང་ཡོང་གི་ཡོད་འདུག་པ་དང་། ས་ཡོམ་གྱིས་རྐྱེན་པའི་མི་ཤི་རྨས་སྐྱོན་ཡང་ཡང་འབྱུང་གི་ཡོད་འདུག དེ་རིང་གཟའ་ལྷག་པའི་ཉིན་ཐའེ་ཝན་ནང་ས་ཡོམ་གྲངས་ཚད་༧་༤ ཅན་ཞིག་བརྒྱབས་ནས་ཁང་པ་འགའ་དང་མི་༤ ཙམ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་བཞིན་འདུག
ཕྱི་ཚེས་༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་ལྷག་པའི་ཞོགས་པ་ཐའེ་ཝན་ནང་ས་ཡོམ་གྲངས་ཚད་༧་༤ ཅན་ཞིག་བརྒྱབས་ནས་ཁང་པ་མང་པོ་ཞིག་གཏོར་སྐྱོན་བཏང་ཡོད་འདུག་ལ། ད་བར་ཤེས་རྟོགས་བྱུང་བ་གཞིགས་ན་མི་༤ འདས་གྲོངས་སུ་གྱུར་ཡོད་འདུག ཐེངས་འདིའི་ས་ཡོམ་དེ་ཐའེ་ཝན་གྱི་ཤར་ཕྱོགས་གྲོང་ཁྱེར་ཧྥ་ལེན(Hualien)ཟེར་བ་དེའི་ནང་བརྒྱབས་ཡོད་འདུག ས་ཡོམ་དེ་འདྲ་འདས་པའི་ལོ་༢༥ ནང་བྱུང་མྱོང་མེད་པ་ཐའེ་ཝན་གྱི་ས་ཡོམ་གོད་ཆག་བདེ་འཇགས་ལྷན་ཁང་གི་འགན་འཛིན་ཝུ་ཁྲིན་ཧོས་(Wu Chien Fu)ཟེར་བ་དེ་ཡིས་བརྗོད་འདུག དེ་བཞིན་ཐའེ་ཝན་མེ་གསོད་རུ་ཁག་གིས་བརྗོད་དོན་ལ་མི་གསུམ་ཉེ་འཁོར་དུ་ཡོད་པའི་ལྡུམ་རྭ་ཞིག་ནང་གྲོངས་ཡོད་ཚུལ་དང་། མི་༥༠ ཙམ་ཞིག་རྨས་སྐྱོན་ཕོག་ཡོད་པ་དང་གཞན་མི་མང་པོ་ཞིག་ཁང་བརྩེགས་མཐོན་པོ་ཅན་དེ་འདྲའི་ནང་ཕྱིར་ཐོན་མ་ཐུབ་ནས་ལྷག་ཡོད་པར་ཡང་བརྗོད་འདུག ཐའེ་ཝན་ནང་ཡོད་པའི་འཕྲུལ་རིགས་བཟོ་ཚོང་ཁང་ཞིག་གིས། ས་ཡོམ་རྒྱག་དུས་བཟོ་གྲྭའི་ནང་གཡུག་གཡུག་ཤུགས་ཆེན་བྱས་ཀྱང་བཟོ་གྲྭའི་བདེ་འཇགས་སྲུང་སྐྱོབ་མ་ལག་རྣམས་རྒྱུན་ལྡན་ལྟར་ལས་ཀ་བྱེད་ཀྱི་ཡོད་པར་བརྟེན། མི་ཤི་བ་དང་རྨས་སྐྱོན་ཕོག་པ་སོགས་གང་ཡང་བྱུང་མ་སོང་ཞེས་བརྗོད་འདུག དེ་རིང་སྔ་པོ་ནས་ཉེ་འཁོར་གྱི་རྒྱལ་ཁབ་ཚོས་རྒྱ་མཚོའི་ནང་རླུང་འཚུབ་ཆེན་པོ་ཞིག་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག བྷི་བྷི་སི་ཡིས་དེ་རིང་ཐའེ་ཝན་གྱི་གསར་ཁང་གིས་སྟོན་བཞིན་པའི་བརྙན་འཕྲིན་ཞིག་ལས་ཐའེ་ཝན་གྱི་སློབ་གྲྭ་ཁག་གི་སློབ་མ་ཚོ་འཛིན་ཁང་ཕྱི་ཕྱོགས་སུ་ཐོན་འཇུག་བཞིན་ཡོད་པ་དང་། ཉེ་འཁོར་གྱི་རིའི་ཐོག་ནས་རྡོ་ཟག་པ་དང་ས་རུད་ཉིལ་བ་སོགས་བྱས་ནས་མི་མང་པོ་ཞིག་རང་གི་སྡོད་ཁང་གི་ཕྱི་ཕྱོགས་སུ་འབྲོ་བཞིན་ཡོད་ཚུལ་སོགས་བརྗོད་འདུག དེ་རིང་གི་ས་ཡོམ་དེ་ཞོགས་པའི་ཆུ་ཚོད་༧ དང་སྐར་མ་༥༨ ཐོག་ཏུ་བརྒྱབས་ཡོད་པ་དང་། ས་ཡོམ་རྒྱག་ས་དེ་ཐའེ་ཝན་གྱི་བྱང་གི་མཚོ་འགྲམ་ཞིག་ལ་ཡིན་འདུག་པ་དང་། ས་ཆ་དེར་རི་མང་པོ་ཡོད་འདུག དེ་སྔོན་ཕྱི་ལོ་༡༩༩༩ ནང་ཐའེ་ཝན་ནང་ས་ཡོམ་ཚད་༧་༦ ཅན་ཞིག་བརྒྱབས་ནས་ཁྱོན་མི་༢༤༠༠ ཙམ་འདས་གྲོངས་སུ་གྱུར་པ་དང་། སྐབས་དེ་དུས་ཁང་པ་༥༠༠༠ ཙམ་གཏོར་བཤིག་ཐེབས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
