ཐེ་ཝན་གྱི་སྲིད་འཛིན་གཞོན་པའི་ཕྱོགས་བསྐྱོད་དང་རྒྱ་ནག་གི་སྐྱོན་བརྗོད།



ཟླ་འདིའི་ཚེས་༡༦ ་ཉིན་(Taiwan News) ་ཞེས་པའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པ་ར་གེའི་སྲིད་འཛིན་གསར་པའི་དམ་འབུལ་གྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་འདུག

ཟླ་འདིའི་ཚེས་༡༥ ཉིན་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པ་ར་གེའི་(Paraguay) ་སྲིད་འཛིན་གསར་པའི་དམ་འབུལ་གྱི་མཛད་སྒོ་ཡིན་པ་དང་། སྐབས་དེའི་མཛད་སྒོའི་ཐོག་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་དང་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཝེ་ལེན་ལའེ་ཁྲིན་ཐེ་(William Lai Ching-te) ་མཉམ་ཞུགས་གནང་ཡོད་འདུག མཛད་སྒོའི་ཐོག་ཏུ་སྲིད་འཛིན་གསར་པས་དུས་ཡུན་སྐར་མ་སུམ་ཅུ་ཙམ་གྱི་རིང་གསུང་བཤད་གནང་བའི་ཁྲོད། ཐེ་ཝན་ནི་ཕྱི་འབྲེལ་གྱི་མཐུན་གྲོགས་རྒྱལ་ཁབ་ཙམ་མ་ཟད། རྒྱལ་ཁབ་གཉིས་ཀྱི་བར་སྤུན་ཟླའི་བརྩེ་དུང་ལོངས་སུ་སྤྱོད་བཞིན་ཡོད་ཅེས་དང་། གཏམ་བཤད་ཀྱི་རྒྱུད་རིམ་ཁྲོད་ཐེ་ཝན་ཞེས་ཐེངས་གཉིས་ཙམ་བེད་སྤྱོད་བཏང་ཡོད་པའི་གནས་ཚུལ་སྤེལ་འདུག

ད་ལྟའི་ཆར་ཐེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་༡༣ ཡོད་པ་དང་། པ་ར་གེ་ནི་དེ་དག་གི་གྲས་ཤིག་ཆགས་ཡོད་འདུག ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་བརྒྱུད་པ་ར་གེའི་སྲིད་འཛིན་གྱི་དམ་འབུལ་ལ་ཞུགས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ལམ་ཞོར་དུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འབྱོར་ཞིང་། སྐབས་དེར་ཉིན་གུང་གསོལ་སྟོན་ཞིག་གི་ཐོག་ལ་ཁོང་གིས་ཐེ་ཝན་ལ་བདེ་འཇགས་ཡོད་ན་འཛམ་གླིང་ལ་བདེ་འཇགས་ཡོད་པ་དང་། ཐེ་ཝན་མཚོ་འགག་ལ་ཞི་བདེ་ཡོད་ན་འཛམ་གླིང་ལ་ཞི་བདེ་ཡོང་གི་རེད་ཅེས་བརྗོད་ཡོད་པ་མ་ཟད། མི་གཅིག་དབང་བསྒྱུར་རིང་ལུགས་ཀྱི་འཇིགས་སྐུལ་ཇི་ལྟར་ཆེ་མིན་ལ་མ་ལྟོས་པར་ཐེ་ཝན་ཞེད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༡༦ ཉིན་ཁོང་ཨ་རིའི་གྲོང་ཁྱེར་སན་ཧྥི་རན་སི་ཁོ་( San Francisco) བརྒྱུད་ཕྱིར་ཐེ་ཝན་ལ་ལོག་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག

ཕྱི་ལོ་༢༠༢༤ ཟླ་༡ ཚེས་༡༣ ཉིན་ནི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ཀྱི་ཉིན་མོ་ཡིན་པ་དང་། ཐེ་ཝན་གྱི་རྩ་ཁྲིམས་ལྟར་ན། སྲིད་འཛིན་གྱི་ལས་དུས་གཉིས་ཚར་བའི་རྗེས་སླར་ཡང་སྲིད་འཛིན་འོས་བསྡུའི་ནང་མཉམ་ཞུགས་བྱ་ཆོག་གི་མེད་པར་བརྟེན། ད་ལྟའི་ཐེ་ཝན་གྱི་ལས་ཐོག་སྲིད་འཛིན་ཚེ་དབྱིན་ཝན་ལོ་རྗེས་མའི་སྲིད་འཛིན་འོས་བསྡུའི་ནང་མཉམ་ཞུགས་ཆོག་གི་མེད་པ་རེད་འདུག ད་ལྟའི་སྲིད་འཛིན་གཞོན་པ་ཝེ་ལེན་ལའེ་ཁྲིན་ཐེ་ནི་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཆགས་ཀྱི་ཡོད་པ་དང་། ཁོང་གིས་རྒྱ་གཞུང་གིས་ཐེ་ཝན་ཐོག་བདག་དབང་ཡོད་ཚུལ་བརྗོད་པའམ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།