ཐེ་ཝན་གྱིས་བོད་མིའི་ཉམས་མྱོང་ཐོག་ནས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

ཟླ་བ་འདིའི་ཚེས་༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཧུང་སུན་ཧན་ (Hung Sun Han) དང་མཇལ་འཕྲད་གནང་ཡོད་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བ་དང་འབྲེལ་ཡོད་གཞན་ལས་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལྟར་ན།
ཐེངས་འདིར་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་མཇལ་འཕྲད་སྐབས། སྐུ་ཞབས་ཧུང་སུན་ཧན་གྱིས་རྒྱ་ནག་དམར་གཞུང་གིས་ཐེ་ཝན་རྒྱལ་ཁབ་ནང་གནོན་ཤུགས་སྤྲོད་བཞིན་ཡོད་སྐོར་དང་། ཉེ་བའི་ཆར་རྒྱལ་སྤྱིའི་ནང་ཐེ་ཝན་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དེར། ཐེ་ཝན་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་དང་། བོད་པའི་ཉམས་མྱོང་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ། དེ་བཞིན་བོད་དང་། སོག་པོ། ཧོང་ཀོང་། ཐེ་ཝན། ཡུ་གུར་བཅས་ཀྱི་མི་རིགས་དབར་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་སྟེ། རྒྱ་ནག་དབང་ཆ་གཅིག་སྡུད་ལ་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ། དེས་ནུབ་ཕྱོགས་པས་དབྱེ་ཞིབ་བྱས་པ་ལས་གྲུབ་འབྲས་ལེགས་པ་ཐོན་ཐུབ་པ་སོགས་ཀྱི་སྐོར་གསུངས་ཡོད་པ་དང་། ཚོགས་གཙོ་མཆོག་གིས་ཀྱང་རྒྱ་ནག་དམར་གཞུང་གིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་རྒྱལ་སྤྱིའི་ནང་རྟག་ཏུ་གནས་ཚུལ་རྫུན་མ་དྲིལ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པའི་སྐོར། ཐེ་ཝན་གྲོས་ཚོགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་ཡིན་ཞེས་དང་། ཐེ་ཝན་གཞུང་གི་ཐོག་ནས་བོད་མིའི་མཐོང་མཆན་ཞུ་རྒྱུའི་དཀའ་ངལ་མེད་པ་བཟོ་ཐབས་དང་། དེ་བཞིན་ཞི་ཅིན་ཕིང་གིས་སོ་སོའི་དབང་ཆ་སྲུང་སྐྱོབ་ཆེད་རྒྱ་ནག་མཐའ་མཚམས་སྲུང་སྐྱོབ་ལས་ནང་ཁུལ་གྱི་བདེ་འཇགས་ལ་འགྲོ་སོང་མང་བ་བཏང་དང་གཏོང་བཞིན་ཡོད་པ་དེས། དམར་པོའི་སྒྲིག་འཛུགས་ནང་ལ་དངངས་སྐྲག་ཡོད་པ་མཚོན་གྱི་ཡོད་སྐོར་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ནང་ཐེ་ཝན་གྲོས་ཚོགས་འཐུས་མི་དང་། མང་གཙོ་དོན་གཉེར་ཅན་གང་མང་མཉམ་ཞུགས་གནང་དགོས་པའི་རེ་སྐུལ་གནང་ཡོད་འདུག

སྐུ་ཞབས་ཧུང་སུན་ཧན་ལགས་ནི་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་ཡིན་འདུག་ཅིང་། ཁོང་ཟླ་བ་འདིའི་ཚེས་གསུམ་ཉིན་རྡ་སར་འབྱོར་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཚོགས་གཙོ་ཚོགས་གཞོན་དེ་བཞིན་ཕྱི་འབྲེལ་བཀའ་བློན་ལ་མཇལ་འཕྲད་དང་དྷ་སྟེང་བོད་ཁྱིམ་ལ་འཚམས་གཟིགས་བཅས་གནང་གྲུབ་རྗེས། ཟླ་བ་འདིའི་ཚེས་༥ ཉིན་གྱི་ཞོགས་པར་༧གོང་ས་མཆོག་དང་མཇལ་འཕྲད་ཀྱང་གནང་ཡོད་འདུག་ལ། གཞན་ཡང་ཁོང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཁ་ཤས་ལ་ཡང་འཚམས་གཟིགས་གནང་འཆར་ཡོད་འདུག
གསར་འགོད་པ་བདེ་སྒྲོན།
