ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཉེ་བས་རྒྱ་ནག་གིས་ཐའེ་ཝན་ནང་གསང་མྱུལ་མང་པོ་གཏོང་གི་ཡོད་འདུག

ཐའེ་ཝན་ནང་སྲིད་འཛིན་འོས་བསྡུ་ཡོང་ལ་ཉེ་བ་དང་བསྟུན་ནས་རྒྱ་ནག་གཞུང་གིས་གསང་མྱུལ་མང་པོ་བཏང་ཡོད་འདུག་ལ། སྤྱིར་རྒྱ་ནག་རྒྱལ་སྤྱིའི་ནང་སྟོབས་ཤུགས་ཆེན་པོ་འགྱུར་བཞིན་ཡོད་པའི་སྐབས་འདིར། རྒྱ་ནག་གིས་ཐའེ་ཝན་གཅིག་པུ་མིན་པར་རྒྱལ་སྤྱིའི་ནང་གསང་མྱུལ་མང་པོ་གཏོང་གི་ཡོད་འདུག
ཕྱི་ཚེས་༩ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་ནང་ད་ཆར་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བར་བརྟེན། རྒྱ་ནག་དམར་ཤོག་གཞུང་གིས་གསང་མྱུལ་བཏང་ནས་འོས་བསྡུའི་ཁྲོད་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་འདུག འདས་པའི་ཟླ་བ་༡༠ ནང་ཐའེ་ཝན་གྱི་དམག་གི་གནད་དོན་སྐོར་གསང་མྱུལ་བྱེད་ཀྱི་ཡོད་པ་མ་ཟད་། གནད་དོན་གཞན་དག་ཐོག་ཏུ་ཡང་གསང་མྱུལ་བྱེད་ཀྱི་ཡོད་པར་རྟོགས་འདུག ཉེ་སྔོན་ཕྱི་ཟླ་བ་༡༠ ནང་ཐའེ་ཝན་གྱི་གནམ་དམག་གི་སྐོར་གསང་མྱུལ་བྱས་ཏེ་རྒྱ་ནག་ལ་གསང་བ་མཁོ་སྤྲོད་བྱེད་མཁན་དམག་མི་ཟུར་པ་(Liu Sheng _ Shu )ཟེར་བ་ཞིག་ལོ་༢༠ བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་འདུག འདི་ལོའི་ལོ་མགོ་ནས་ད་བར་ཁྱོན་མི་༡༦ རྒྱ་ནག་གིས་ཐའེ་ཝན་ནང་བཏང་བའི་གསང་མྱུལ་ཡིན་པ་རྟོགས་ཡོད་འདུག ད་ཆར་རྒྱ་ནག་གཞུང་གིས་ཐའེ་ཝན་གླིང་ཕྲན་དེ་དྲག་པོའི་ཐོག་ནས་དབང་འོག་བསྡུ་ཐབས་བྱེད་འཆར་ཡོད་པར་བརྟེན། ཐའེ་ཝན་གྱི་ཉེ་འཁོར་དུ་དམག་སྦྱོང་བྱས་ནས་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་འདུག འོན་ཀྱང་། ཨ་རིའི་གཞུང་གིས་ཐའེ་ཝན་གྱི་བདེ་འཇགས་ལ་དོ་ཁུར་བྱེད་རྒྱུ་ཡིན་པར་རྗོད་བཞིན་ཡོད་། སྤྱིར་བཏང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གསང་མྱུལ་གཏོང་གི་ཡོད་པ་དང་། ཨ་རིའི་རྒྱལ་ས་(Washington)ནང་དུ་ཡང་རྒྱ་ནག་གི་གསང་མྱུལ་མང་དུ་འགྲོ་བཞིན་ཡོད་འདུག ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་མི་ལོ་བཅུ་ཕྲག་འགའི་རིང་ཨ་རིའི་མཚོ་དམག་ནང་དུ་བསྡད་མྱོང་མཁན་དམག་སྤྱི་ཆེན་མོ་ཟུར་པ་(Grant Newsham)གྷི་རན་ཌི་ནིའུ་ཤིམ་གྱིས་བརྗོད་དོན་ལ། ཐའེ་ཝན་ནི་ད་ཆར་རྒྱ་ནག་གཞུང་གིས་གསང་མྱུལ་བྱེད་ཡུལ་གཙོ་བོ་ཞིག་ཡིན་པ་དང་། གསང་མྱུལ་བྱེད་ཡུལ་ལས་སླ་བོ་ཞིག་ཀྱང་རེད་། རྒྱུ་མཚན་ནི་ཐའེ་ཝན་ནང་རྒྱ་སྐད་རྒྱག་མཁན་མང་བ་ཡོད་པ་རེད་བརྗོད་འདུག ད་དུང་ཁོང་གིས་བརྗོད་དོན་ཐའེ་ཝན་ནང་ད་བར་གསང་མྱུལ་རིགས་འགོག་སྲུང་བྱེད་ཆེད་གཞུང་གི་བདེ་སྲུང་ནུས་པ་ལྡན་པ་ཞིག་ཡོད་མ་རེད་ཅེས་བརྗོད་འདུག ཐའེ་ཝན་གྱི་མཁས་པ་ཁག་དང་གཞུང་གི་ལས་བྱེད་ཁག་གིས་བརྗོད་དོན་ལ་ད་ཆར་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་གནད་དོན་དུ་མའི་ནང་གསང་མྱུལ་དང་། ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་པར་རྗོད་ཀྱི་འདུག ཐའེ་ཝན་གྱི་བདེ་སྲུང་ལྷན་ཁང་གི་འགན་འཛིན་(Tsai Ming-Yen)གྱིས་བརྗོད་དོན་ལ། རྒྱ་ནག་གཞུང་གིས་མེ་མདའ་མེད་པའི་ཐོག་ནས་ཐའེ་ཝན་ལ་དམག་དུ་མ་རྒྱག་བཞིན་ཡོད་པ་དང་། རྒྱ་ནག་གིས་དམག་གི་གནམ་གྲུ་ས་མཚམས་བརྒལ་ནས་ཐེ་ཝན་ནང་གཏོང་རྒྱུ་མང་དུ་ཕྱིན་ཡོད་པར་བརྗོད་འདུག དེ་བཞིན་ཐའེ་ཝན་གྱི་སྲིད་འཛིན་གྱིས་བརྗོད་དོན་ལ། ཡོང་འགྱུར་གྱི་ཕྱི་ཟླ་༡ ནང་ཐའེ་ཝན་གྱི་འོས་བསྡུ་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་དྲ་རྒྱ་དང་བདེ་འཇགས་ལ་གསང་མྱུལ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག རྒྱ་ནག་གིས་ཐའེ་ཝན་ནང་གསང་མྱུལ་བྱེད་རྒྱུ་གཙོ་བོ་ནི་ཐའེ་ཝན་ནང་དམག་མི་བསྡུ་རུབ་བྱེད་ཀྱི་ཡོད་མེད་དང་། དམག་གི་བྱུས་སོགས་ཀྱི་སྐོར་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།