ཐེ་ཝན་དུ་ཉིན་༡༢ རིང་གི་བོད་དོན་འགྲེམས་སྟོན་བྱས་ཡོད་འདུག
རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་དང་༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་སླད་བོད་མིས་རང་དབང་སྒེར་ལངས་བྱས་ཏེ་ལོ་༦༠ འཁོར་བའམ། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ཧྲིལ་པོ་༦༠འཁོར་བ་དང་བསྟུན་ནས་ཐེ་ཝན་དུ་པར་རིས་འགྲེམས་སྤེལ་སོགས་བོད་དོན་ལས་འགུལ་སྤེལ་འདུག
ཟླ་འདིའི་ཚེས་༣ ནས་ཉིན་༡༢ རིང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཐེ་ཝན་བོད་རིགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཐེ་ཝན་རང་དབང་ཐང་ཆེན་མདུན་དུ་བོད་ལུགས་གུར་ནང་(བོད་ཀྱི་རང་དབང་ཆེད་བཙན་བྱོལ་ལོ་༦༠ འགྲེམས་སྟོན་)ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་དང་། དེ་ནི་རྒྱ་ནག་སྐམ་སའི་ཡུལ་མི་དང་ཐེ་ཝན་མི་མང་གིས་བོད་དོན་གོ་རྟོགས་ཆེད་འགྲེམས་སྟོན་གྱི་ལམ་ནས་བོད་དོན་ངོ་སྤྲོད་གནང་བ་ཞིག་ཡིན་འདུག
སྐབས་དེར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་ཀྱི་ས་ཁམས། རྒྱལ་གླུ། རྒྱལ་དར། ཕྱི་འབྲེལ་ཡིག་ཆ། བོད་དངུལ་སོགས་འགྲེམས་སྟོན་གནང་ཡོད་པ་དང་། གཞན་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་དང་ལག་བསྟར། གཞིས་བཞུགས་བོད་མིས་ཞི་རྒོལ་རིམ་པ་ཁག བཙན་བྱོལ་ནང་གི་བོད་མིའི་དགོན་སྡེ་དང་གཞིས་ཆགས་གསར་འཛུགས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་ཤེས་ཡོན་གོང་སྤེལ། དེ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཙུགས་ནས་ལོ་༢༠ རིང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཐེ་ཝན་གཞུང་མང་གཉིས་ཀྱིས་བོད་དོན་ལས་འགུལ་སྤེལ་ཚུལ་སོགས་པར་རིས་དང་འགྲེལ་བཤད་མཉམ་སྦྱར་གྱི་ཐོག་ནས་ངོ་སྤྲོད་གནང་ཡོད་འདུག
གཞན་ཡང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༦༠ འཁོར་བའི་ཉིན་མོར་ཐེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོས་རྒྱ་ནག་གཞུང་དང་ཐེ་ཝན་བར་ཞི་བའི་ཆིངས་ཡིག་འཇོག་དགོས་པའི་བགྲོ་གླེང་བྱས་པ་པ་དང་། དེ་སྔོན་བོད་དང་རྒྱ་ནག་བར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དང་། དེ་བཞིན་ད་ལྟའི་བོད་ཀྱི་གནས་སྟངས། བོད་མི་རྣམས་ཅིའི་ཕྱིར་དུ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་སོགས་ཀྱི་སྐོར་བགྲོ་གླེང་ཤུགས་ཆེན་བྱུང་བ་དང་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་པ་རེད། ཐེ་ཝན་ནང་ཐེབས་རྩ་ཚོགས་པ་དང་། རིག་གཞུང་སྡེ་ཚན་སོགས་ཀྱི་ནང་སྐུ་ཚབ་དོན་གཅོད་གདན་འདྲེན་ཞུས་ཏེ་བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་འདུག སྐུ་ཚབ་དོན་གཅོད་ཀྱིས་རྒྱལ་སྤྱི་དང་ཐེ་ཝན་གང་གི་ཐད་ནས་བོད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་བོད་དོན་ཐོག་ལས་འགུལ་སྔར་ལས་ལྷག་སྤེལ་དགོས་པའི་དུས་ལ་སླེབས་ཡོད་པར་གསུངས་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།