ཐེ་ཝན་སྔོན་ནས་རང་བཙན་རྒྱལ་ཁབ་གཅིག་ཡིན་པས་བསྐྱར་དུ་རང་བཙན་བསྒྲགས་དགོས་དོན་མེད།

ཕྱི་ལོ་༢༠༢༤ ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་བསླེབ་ལ་ཉེ་བར་བརྟེན། སྲིད་དོན་ཚོགས་པ་ཁག་གིས་སོ་སོའི་འོས་མི་བདམས་ཟིན་ཡོད་པ་དང་། ད་ལྟའི་ཐེ་ཝན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་ནི་ཐེ་ཝན་རང་བཙན་འདོད་མཁན་ཡིན་པ་དང་། ད་ལྟའི་ལས་ཐོག་སྲིད་འཛིན་གཞོན་པ་དེ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཡིན་པས། ཁོང་གིས་ཐེ་ཝན་ནི་སྔོན་མ་ནས་རང་བཙན་གྱི་རྒྱལ་ཁབ་གཅིག་དང་། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་( The Rupublic of China) ཅེས་འབོད་ཀྱི་ཡོད་རེད་བརྗོད་འདུག 

ཕྱི་ཚེས་༡༦ ཉིན་ཐེ་པེ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་མི་གསུམ་ཡོད་པའི་ནང་ནས་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ད་ལྟའི་ལས་ཐོག་སྲིད་འཛིན་གཞོན་པ་ཝེ་ལེན་ལའི་(William lai)་ཉིན་བདུན་རིང་ཨ་རི་ལ་ལྟ་སྐོར་དུ་འགྲོ་བཞིན་ཡོད་པ་དང་། སྐབས་དེ་དུས་( Blooming Businessweek)ཟེར་བའི་གསར་ཁང་ཞིག་གིས་བཅར་འདྲི་བྱེད་སྐབས་ཁོང་གིས་བརྗོད་དོན་ལ་ཐེ་ཝན་ནི་སྔོན་མ་ནས་རང་བཙན་ཅན་གྱི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་(The Republice Of China)་གཅིག་ཡིན་པས། དེ་ལ་རང་བཙན་བསྐྱར་བཟོ་བྱེད་དགོས་དོན་ཡོད་མ་རེད་ཅེས་བརྗོད་ཡོད་འདུག ཐེ་ཝན་གླིང་ཕྲན་ནང་མི་མང་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་སུ་ད་ལྟའི་ལས་ཐོག་སྲིད་འཛིན་ཚེ་དབྱིན་ཝན་གྱིས་ཐེ་ཝན་གླིང་ཕྲན་དེ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཡིན་ཞེས་ཚིག་དེ་བེད་སྤྱོང་བཏང་ཡོད་པར་བརྟེན། ངས་ཀྱང་དེ་རང་བེད་སྤྱོད་བྱེད་པ་ལས་འགྱུར་བ་གཏོང་འདོད་མེད་ཅེས་བརྗོད་འདུག དེ་བཞིན་མ་འོངས་པར་ཐེ་ཝན་རང་བཙན་གསལ་བསྒྲགས་བྱེད་དགོས་དོན་ཡོད་མ་རེད་ལ། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་ཁྱད་པར་ཆེན་པོ་ཡོད་རེད་ཅེས་བརྗོད་འདུག རང་ལོ་༦༣ ཡིན་པའི་ཝེ་ལེན་ལའི་ཡིས་བརྗོད་དོན་ལ་ངའི་ལས་འགན་གཙོ་བོ་ནི་མ་འོངས་པར་ཐེ་ཝན་ནང་ཞི་བདེ་དང་། དཔལ་འབྱོར་ཡར་རྒྱས། དམངས་གཙོ་སྲུང་སྐྱོབ་བྱེད་རྒྱུ། དེ་བཞིན་ཐེ་ཝན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་སོགས་འགན་ཡོད་རེད་ཅེས་བརྗོད་འདུག ཁོང་གིས་མུ་མཐུད་བརྗོད་དོན་ལ་ཁོང་ཚེ་དབྱིན་ཝན་སྲིད་གཞུང་གི་བདེ་སྲུང་རུ་ཁག་ནང་ཡོད་པས། མ་འོངས་པར་ཚེ་དབྱིན་ཝན་གྱི་ཕྱི་འབྲེལ་སྲིད་ཇུས་བཞིན་བཟུང་སྟེ་ཨ་རི་དང་འབྲེལ་བ་དམ་ཟབ་བཞག་ནས་ལས་དོན་བསྒྲུབ་རྒྱུ་ཡིན་ཞེས་དང་། ལོ་རྗེས་མའི་སྲིད་འཛིན་གྱི་འོས་བསྡུའི་སྐབས། འཛམ་གླིང་རྒྱལ་སྤྱི་དང་འབྲེལ་བ་དམ་ཟབ་བཞག་སྟེ་མཉམ་ལས་བྱེད་རྒྱུ་ཡིན་ནམ། ཡང་ན་རྒྱ་ནག་དང་འབྲེལ་བ་བཞག་ནས་ལས་དོན་བསྒྲུབ་རྒྱུ་ཡིན། དེ་ཐེ་ཝན་མི་མང་གི་གདམ་ག་རེད་ཅེས་བརྗོད་འདུག ད་ལྟའི་ལས་ཐོག་སྲིད་འཛིན་གཞོན་པ་ཁོང་ཐེ་ཝན་མི་མང་སྲིད་དོན་ཚོགས་པའི་ཚོགས་གཙོ་(Ko Wen Je)དང་། གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཡིན་པས། ད་ལྟའི་ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་(Hou You Yi)་གཉིས་དང་འགྲན་རྩོད་བྱེད་དགོས་ཀྱི་ཡོད་འདུག 

ཁོང་གིས་བརྗོད་དོན་ལ་ད་ཆར་རྒྱ་ནག་གིས་དྲག་པོའི་ཐོག་ནས་ཐེ་ཝན་བཙན་བཟུང་བྱེེད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་པར་བརྟེན། རྒྱལ་སྤྱི་ནས་དེ་ལ་གདོང་ལེན་དང་། ཐེ་ཝན་ལ་རོགས་རམ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་འདུག དེ་བཞིན་རྒྱ་ནག་གིས་ཁོང་ལ་ཁ་བྲལ་བ་ཡིན་པ་དང་། རྙོག་གྲ་བཟོ་མཁན་གཏེ་དཔོན་དེ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།