ཐེ་ཝེན་མཐོ་རིམ་སློབ་མ་དང་མཉམ་དུ་བོད་དོན་བགྲོ་གླེང་།

ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བོད་རྒྱའི་སྨྱུག་གུ་ཚོགས་དང་བཙན་བྱོལ་བོད་མི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག དྷ་རམ་ས་ལའི་པདྨ་ཐང་གསོལ་མགྲོན་ཁང་དུ་ཐེ་ཝེན་མཐོ་རིམ་སློབ་མ་གྲངས་གསུམ་ཅུ་མ་ཟིན་ཙམ་དང་མཉམ་དུ་བོད་དོན་བགྲོ་གླེང་ཞིག་བྱས་ཡོད་པ་རེད།

DSC_2286དེ་ཡང་བགྲོ་གླེང་ཐོག་རྒྱལ་སྤྱིའི་བོད་རྒྱའི་སྨྱུག་གུ་ཚོགས་པའི་ཚོགས་གཙོ་བོད་མི་དམངས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་མང་གཙོའི་འཕེལ་རིམ་སོགས་ཀྱི་ཐད་ངོ་སྤྲོད་གནང་བ་དང་། ཁོང་གིས་ད་དུང་ཐེ་ཝེན་དང་བོད་གཉིས་ཀྱི་དཀའ་རྙོག་ཐད་ཕྱོགས་མཚུངས་ཀྱི་ཆ་མང་པོ་ཡོད་པས། ཕན་ཚུན་བསམ་ཚུལ་བརྗེ་རེས་དང་ལེགས་ཆ་ལེན་རེས་བྱས་ནས་ཕན་ཚུན་དབར་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། སྒོས་སུ་བོད་ཀྱི་ཆོས་དང་རིག་གཞུང་ནི་བོད་ཙམ་མིན་པར། འཛམ་གླིང་སྤྱི་ལ་ཕན་བརླབ་ཆེན་པོ་བསྒྲུབ་ཐུབ་པ་ཡིན་དུས། བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་འཛམ་གླིང་འདིའི་སྒང་རང་དབང་ལ་དགའ་མཁན་ཚང་མས་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པ་སོགས་གསུངས་སོང་།

ldབཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་གནས་བབས་དང་། ཁྲིམས་ལུགས་དང་བོད་དོན་སྐོར་སོགས་ངོ་སྤྲོད་གནང་བ་མ་ཟད། ད་དུང་ཁོང་གིས་རྒྱ་ནག་གིས་བོད་དང་ཐེ་ཝེན་གྱི་གནད་དོན་ཐད་ཁྲིམས་མགལ་གྱི་བྱ་སྤྱོད་གང་མང་སྤེལ་བཞིན་ཡོད་པས། ཁྲིམས་ལུགས་ཀྱི་ཤེས་བྱ་ཤེས་པའི་ཐོག ཁྲིམས་ལུགས་ཀྱི་ཐབས་ལམ་ནས་ན་གཞོན་ཚོས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་ཐད་འཐབ་རྩོད་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང།

ཐེ་ཝེན་མཐོ་སློབ་སློབ་མ་རྣམས་ཀྱི་སོ་སོའི་བོད་དོན་ཐོག་གི་ལྟ་ཚུལ་དང་།ད་ཐེངས་དྷ་རམ་སར་ཡོང་བའི་མྱོང་ཚོར་སོགས་གསུངས་པ་དང་། མཐར་སློབ་མ་ཚོས་སོ་སོར་ཡོད་པའི་དོགས་པ་དང་དྲི་བ་སོགས་ཀྱི་ཐད་རིམ་བཞིན་བགྲོ་གླེང་བྱས་ཡོད་པ་དང་། སློབ་མ་ཚོས་ཀྱང་མ་འོངས་པར་སོ་སོའི་ཆེད་ལས་ཐོག་བོད་དོན་རྒྱབ་སྐྱོར་བྱེད་འདོད་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ་ཆོས་ཉིད་འོད་ཟེར།