ཐེ་ལན་ཌིའི་མི་མང་གི་འགོ་ཁྲིད་ཕམ་ཉེས་དང་དམག་མིའི་སྲིད་གཞུང་གི་ཐེ་བྱུས།

ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་སྲིད་གཞུང་ནང་དམག་མིས་ཐེ་བྱུས་ཤུགས་ཆེན་བྱེད་ཀྱི་ཡོད་པ་ལྟར། ཐེ་ལན་ཌིའི་གཞུང་གི་སྲིད་དབང་ཁྲོད་ལོ་མང་རིང་ནས་དམག་མིས་ཐེ་བྱུས་བྱེད་ཀྱི་ཡོད་འདུག འདི་ལོའི་ཕྱི་ཟླ་༥ ནང་ཐེ་ལན་ཌིའི་མདུན་སྐྱོད་སྲིད་དོན་ཚོགས་པ་རྒྱལ་ཡོངས་འོས་བསྡུའི་ཁྲོད་འོས་གྲངས་མང་ཤོས་ཐོབ་ཡོད་ཀྱང་། སྲིད་དོན་ཚོགས་པ་དེའི་སྲིད་བློན་གྱི་འོས་མི་སྲིད་བློན་ལ་སྐོ་ཐུབ་མི་འདུག
ཕྱི་ཚེས་༡༣ ཉིན་སྦི་སྦི་སིའི་གསར་ཁང་གི་གནས་ཚུལ་ལྟར་ན། དེ་སྔོན་ཕྱི་ཟླ་༥ ནང་མདུན་སྐྱོད་སྲིད་དོན་ཚོགས་པ་གྲོས་ཚོགས་འོག་མའི་ནང་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། གྲོས་ཚོགས་གོང་མའི་ནང་མང་མོས་ཀྱིས་རྒྱབ་སྐྱོར་མ་ཐོབ་པའི་རྐྱེན་གྱིས་མདུན་སྐྱོད་སྲིད་དོན་ཚོགས་པའི་སྲིད་བློན་འོས་མི་པི་ཌ་ཟེར་བའི་ན་གཞོན་དེ་སྲིད་བློན་ལ་སྐོ་ཐུབ་མི་འདུག གྲོས་ཚོགས་གོང་མའི་ནང་ཁོང་ལ་རྒྱབ་སྐྱོར་མ་ཐོབ་པའི་རྒྱུ་མཚན་ནི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་༢༤༩ ཡོད་པ་དང་། དེ་ཚོ་ཚང་མ་དམག་མིའི་སྲིད་གཞུང་གིས་ཐད་བསྐོས་བྱས་པའི་འཐུས་མི་ཡིན་པས། ཁོང་ལ་རྒྱབ་སྐྱོར་རག་ཡོད་མི་འདུག

པི་ཌས་བརྗོད་དོན་ལ་དེ་རིང་ང་ལ་རྒྱབ་སྐྱོར་མ་ཐོབ་པ་དེ་ངས་ངོས་ལེན་བྱེད་ཀྱི་ཡོད། འོན་ཀྱང། ངས་ནམ་ཡང་བློས་བཏང་བྱེད་ཀྱི་མ་རེད་ལ། ངས་ནམ་ཡང་མགོ་སྒུར་གྱི་མ་རེད། དེ་ལས་ངས་དེ་རིང་གི་ཕམ་ཁ་དེ་བརྒྱུད་ནས་མ་འོངས་པར་རྒྱབ་སྐྱོར་དེ་ལས་མང་བ་རག་ཐབས་བྱེད་ཀྱི་ཡིན་ཞེས་བརྗོད་འདུག གྲོས་ཚོགས་གོང་མའི་འཐུས་མི་༡༣ གྱིས་མདུན་སྐྱོད་སྲིད་དོན་ཚོགས་པ་དང་པི་ཌ་གཉིས་ལ་སྐྱོན་བརྗོད་བྱས་ཡོད་འདུག་ལ། ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནས་སློབ་མཐར་ཕྱིན་པས་ལོ་༤༢ ཡིན་པའི་པི་ཌ་ལགས་སྲིད་བློན་གྱི་གོ་གནས་རག་པ་ལ། ཁོང་ལ་གྲོས་ཚོགས་གོང་འོག་གཉིས་ཀྱི་རྐུབ་བཀྱག་ཁྱོན་༧༤༩ ནས་ཕྱེད་ཀ་ཏག་ཏག་རག་དགོས་ཀྱི་ཡོད། ཁོང་ལ་རྐུབ་བཀྱག་༣༧༡ རག་དགོས་པ་དང་༥༡ འདང་གི་མེད། ད་ཆར་ཐེ་ལན་ཌིའི་སྲིད་བློན་གསར་པ་འདེམས་ཐུབ་མེད་པ་དང་། སྲིད་བློན་འདེམས་མ་ཐུབ་བར་འོས་བསྡུ་བྱེད་དགོས་པར་བརྟེན། བདུན་ཕྲག་རྗེས་མའི་ནང་བསྐྱར་དུ་གྲོས་ཚོགས་ནང་འོས་བསྡུ་བྱེད་རྒྱུ་རེད་འདུག འདི་ལོ་ཐེ་ལན་ཌིའི་མི་མང་མང་པོས་མདུན་སྐྱོད་སྲིད་དོན་ཚོགས་པར་རེ་བ་ཆེན་པོ་རྒྱག་བཞིན་ཡོད་ཀྱང་། ད་དུང་དམག་མིས་སྲིད་དོན་ཁྲོད་ཐེ་བྱུས་བྱེད་བཞིན་ཡོད་པའི་རྐྱེན་གྱིས་མི་མང་གིས་བདམས་པའི་འགོ་ཁྲིད་སྲིད་བློན་ཆགས་ཐུབ་རྒྱུ་ཁག་པོ་ཡོད་འདུག མདུན་སྐྱོད་སྲིད་དོན་ཚོགས་པ་ལ་རྒྱབ་སྐྱོར་བྱེད་བཞིན་པའི་མི་ཞིག་གིས་བརྗོད་དོན་ལ། དམངས་གཙོའི་གཞུང་ཞིག་གི་ནང་དམངས་གཙོའི་སྲིད་དོན་གྱི་ཆ་ཤས་དུ་མ་འདུས་ཡོད་པ་དང་། ཆེས་ཉུང་ཤོས་ལ་འོས་བསྡུ་བྱེད་དགོས་ཀྱི་ཡོད། འོན་ཀྱང་། འོས་བླུགས་ནས་ཁྱད་པར་བཟོ་མ་་ཐུབ་ན་འོས་བླུགས་པ་དོན་མེད་ཡིན་པས། ངས་ནམ་ཡང་འོས་བསྡུ་ལ་བྱུས་གཏོགས་བྱེད་འདོད་མི་འདུག་ཅེས་བརྗོད་འདུག པི་ཌ་ལགས་ལ་དམག་མིའི་སྲིད་གཞུང་གིས་སྐྱོན་བརྗོད་ཆེན་པོ་ཞིག་ཡོང་བཞིན་ཡོད་པ་ནི། ཁོང་གིས་ཐེ་ལན་ཌིའི་རྒྱལ་པོ་དང་། དམག་མིའི་སྲིད་གཞུང་། དེ་བཞིན་གཞུང་གིས་ཚོགས་སྡེ་ཁག་ལ་དོ་དམ་ཆེན་པོ་བྱེད་བཞིན་པ་དེ་དག་ལ་པི་ཌ་ཡིས་ཁ་གཏད་གཅོག་བཞིན་པས་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
