ཐེ་ལན་ཌིའི་སྲིད་བློན་ཟུར་པ་ཕ་ཡུལ་དུ་ལོག་སྐབས་གནམ་ཐང་ནས་ཐད་ཀར་ཁྲིམས་ཁང་དུ་ཁྲིད་འདུག

ཟླ་འདིའི་ཚེས་༢༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཐེ་ལན་ཌིའི་སྲིད་བློན་ཟུར་པ་ཞིག་བཙན་བྱོལ་དུ་བསྡད་ནས་ལོ་ངོ་༡༥ རྗེས་ཕྱིར་ཕ་ཡུལ་དུ་ལོག་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༢ ཉིན་ཐེ་ལན་ཌིའི་སྲིད་བློན་ཟུར་པ་(Thaksin Shinawatra) ཞེས་པ་ཁོང་ཉིད་ཕྱིར་ཕ་ཡུལ་དུ་ལོག་ཡོད་པ་དང་གནམ་ཐང་དུ་ཁོང་གི་ནང་མི་དང་ཁོང་གི་རྒྱབ་སྐྱོར་བ་མི་མང་བརྒྱ་ཕྲག་མང་པོས་ཁོང་ལ་ཕེབས་བསུ་ཞུས་ཡོད་འདུག ཐེ་ལན་ཌིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁོང་གི་ནག་ཉེས་གཞིར་བཞག་ནས་ལོ་ངོ་བརྒྱད་ཀྱི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པར་བརྟེན། ཁོང་གནམ་ཐང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིད་ཕྱིན་ཡོད་འདུག

ཐེ་ལན་ཌིའི་སྲིད་བློན་ཟུར་པ་ཁོང་ནི་ཐེ་ལན་ཌིའི་ནང་ཤུགས་རྐྱེན་ཧ་ཅང་ཆེ་བའི་ཆབ་སྲིད་མི་སྣ་ཞིག་ཡིན་འདུག་པ་དང་། ཕྱི་ལོ་༢༠༠༦ ལོ་ཁོང་ཕྱི་རྒྱལ་དུ་ཡོད་པའི་སྐབས་སུ།  ཐེ་ལན་ཌིའི་ནང་དུ་ཁོང་གིས་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་མ་ཟད། ཁོང་ལ་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་བསམ་བློ་ཡོད་པ་སོགས་ཀྱི་ཉེས་མིང་འོག ཁོང་ཉིད་སྲིད་བློན་གྱི་གོ་གནས་ནས་གནས་དབྱུང་དུ་བཏང་ཡོད་འདུག ཕྱི་ལོ་༢༠༠༨ ལོ་ཁོང་ཕ་ཡུལ་དུ་ལོག་ཀྱང་དམག་དཔུང་གི་རྒྱབ་སྐྱོར་ཡོད་པའི་ཐེ་ལན་ཌིའི་སྲིད་གཞུང་གིས་ཁོང་ཉིད་ལ་ཁྲིམས་ཐག་དྲང་པོ་ཞིག་གཅོད་ཀྱི་མ་རེད་བསམ་པའི་ཞེད་སྣང་དང་དོགས་པའི་འོག ལོ་དེ་རང་ལ་ཁོང་རྒྱལ་ཁབ་གཞན་དུ་བཙན་བྱོལ་ཕྱིན་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་ཕ་ཡུལ་དུ་ལོག་ཐུབ་མེད་པ་རེད་འདུག ཁོང་ཉིད་ད་ལྟ་ལོ་ན་༧༤ ཡིན་པ་དང་འདས་པའི་ལོ་ངོ་༡༥ རིང་ཁོང་གིས་དྲྭ་ལམ་བརྒྱུད་ནས་ཁོང་གི་ཆབ་སྲིད་ཤོག་ཁག་ལ་འབྲེལ་བ་ཡང་ཡང་བྱས་ཡོད་པ་དང་དྲྭ་ལམ་ཁག་ཏུ་ཁོང་ཉིད་ཕྱིར་ཕ་ཡུལ་ལ་ལོག་འདོད་ཡོད་པའི་སེམས་ཚོར་དུ་མ་བརྗོད་ཡོད་འདུག

ཕྱི་ལོ་༢༠༠༡ ལོར་ཁོང་ཉིད་ཐེ་ལན་ཌིའི་སྲིད་བློན་དུ་བསྐོ་བཞག་བྱུང་ཡོད་པ་དང་། སྲིད་བློན་གྱི་དུས་ཡུན་མི་ལོ་ལྔའི་རིང་ཁོང་གིས་མི་དམངས་ཀྱི་འཕྲོད་བསྟེན་དང་གྲོང་ཚོ་ཁག་ཏུ་དཔལ་འབྱོར་ཡར་རྒྱས་ཀྱི་ལས་གཞི་ཞིག་འགོ་བཙུགས་ནས་བྱས་རྗེས་ཆེན་པོ་བཞག་མྱོང་ཡོད་འདུག

ཕྱི་ལོ་༢༠༠༦ ལོར་ཁོང་ཉིད་ལས་གནས་ནས་གནས་དབྱུང་བཏང་བ་ནས་ད་བར་ཐེ་ལན་ཌིའི་ནང་སྲིད་བློན་༡༠ བྱུང་ཡོད་ཀྱང་། ཁོང་ནི་མི་མང་གིས་དགའ་མོས་ཆེ་ཤོས་བྱེད་སའི་སྲིད་བློན་ཞིག་ཡིན་པ་དང་། ད་ལྟ་ཁོང་ཕ་ཡུལ་དུ་ཕྱིར་ལོག་པའི་དུས་སྐབས་དེ་ནི་ཐེ་ལན་ཌིའི་སྲིད་བློན་གསར་པའི་འོས་འདེམས་བྱེད་པའི་དུས་ཤིག་ཆགས་ཡོད་འདུག

ཐེ་ལན་ཌིའི་སྲིད་བློན་ཟུར་པ་ཁོང་ནི་ཕྱི་ལོ་༡༩༤༩ ལོར་སྐྱེས་ཞིང་། ཕྱི་ལོ་༡༩༧༣ གཞུང་གི་སློབ་ཡོན་རོགས་རམ་འོག་ཨ་རི་ལ་སློབ་སྦྱོང་བྱེད་དུ་ཕྱིན་ཡོད་འདུག ཕྱི་ལོ་༡༩༩༨ ལོར་(Thai Rak Thai) ་ཞེས་པའི་ཆབ་སྲིད་ཚོགས་པ་ཞིག་བཙུགས་ནས་ཐེ་ལན་ཌིའི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།