ཐེག་ཆེན་འཛིན་སྐྱོང་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཟླ་འདིའི་ཚེས་ ༢༤ ཉིན་༸གོང་ས་མཆོག་ལ་ཐེག་ཆེན་འཛིན་སྐྱོང་ཚོགས་པས་(the Foundation for the Preservation of the Mahayana Tradition) ཞི་བར་གཤེགས་པ་༸སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།

སྐབས་དེ་གོང་ས་མཆོག་གིས་རྒྱ་ཧོར་བོད་གསུམ་གཙོ་བོར་གྱུར་པའི་ཡུལ་གྲུ་རྣམས་སུ་དེ་སྔ་ནས་སངས་རྒྱས་ཀྱི་ཆོས་དར་རྒྱས་ཆེན་པོ་ཡོད་པ་དང་། བར་སྐབས་འགྱུར་བ་ཆེན་པོ་ཕྱིན་པ་རེད། དེ་སྔ་སངས་རྒྱས་པའི་ཆོས་ལ་འབྲེལ་བ་མེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ནས་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད། དེ་ལྟ་བུའི་དུས་ཚོད་ལ་བསྟན་པའི་ཞབས་འདེགས་རྒྱ་ཆེན་པོ་སྒྲུབ་ཐུབ་པ་དངོས་ཡོད་གནས་ཚུལ་ཆགས་ཀྱི་ཡོད། དེར་བརྟེན། ངོས་ནས་བསྟན་པ་དང་འགྲོ་བ་ལ་གང་ཕན་ཞིག་བྱེད་བསམ་པའི་སེམས་ཤུགས་བསྐྱེད་བཞིན་ཡོད། དེ་རིང་འདིར་ཁྱེད་ཚོས་བརྟན་བཞུགས་ཕུལ་བ་རེད། ཕྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་བྱས་ཏེ་ཕན་ཐོགས་ཡོང་གི་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་།
དེ་རིང་འདིར་བརྟན་བཞུགས་ཀྱི་སྦྱིན་བདག་ཞིང་གཤེགས་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ཞེས་ཡུལ་ལུང་མང་པོ་ཞིག་ལ་བླ་མ་བཟོད་པ་རིན་པོ་ཆེས་འགྲོ་དོན་ཧ་ཅང་རྒྱ་ཆེན་པོ་རེད། དངོས་གནས་ངོས་ཀྱི་གྲོགས་པོ་དང་ངོ་ཤེས་བློས་ཐུབ་ཅིག་ཡིན། བར་སྐབས་མྱ་ངན་ལས་འདས་པ་རེད། ཁོང་གི་ཡང་སྲིད་ཡག་པོ་ཞིག་ཏན་ཏན་ཡོང་གི་རེད་ལ། ཡོང་ཐུབ་པ་ཞིག་ལ་ངོས་ཀྱིས་སྨོན་ལམ་རྒྱག བཟོད་པ་རིན་པོ་ཆེའི་ངོ་ཤེས་པ་ཁྱེད་རང་ཚོ་ཡིན་ནའང་། ཡང་སྲིད་ཡག་པོ་ཞིག་ཡོང་ཐུབ་པ་ལ་ཚང་མས་དགོངས་པ་བཞེས་ཤོག སངས་རྒྱས་ཀྱི་བསྟན་པ་ནུབ་པའི་མཚམས་ལ་སླེབས་མི་འདུག བརྒྱ་ཆའི་བརྒྱ་ཐམ་པ་ངོས་ཀྱིས་ཐག་ཆོད། སངས་རྒྱས་པའི་ཆོས་མུ་མཐུད་དུ་འཛམ་གླིང་འདིར་གནས་པ་དང་། དེ་སྔ་སངས་རྒྱས་པའི་ཆོས་མ་དར་སའི་ལུང་པ་རུའང་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད་པས་བསྟན་པ་ལོ་བརྒྱ་ཕྲག་ཁ་ཤས་ལ་ཏན་ཏན་གནས་ཐུབ་ཀྱི་རེད། བསྐལ་པ་མེ་འཇིག་ཆུ་འཇིག་ཟེར་བ་ལྟར་མེ་འཇིག་གི་མཚམས་ལ་སླེབས་པ་ཡིན་ན་ནི་གནས་ཚུལ་ཁ་ཁ་རེད།
ང་ཚོ་ཚང་མ་སྟོན་པ་བཀའ་དྲིན་ཅན་འདིའི་རྗེས་འབྲངས་དང་། ལྷག་པར་དུ་ནཱ་ལེནྡྲའི་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚོན་པའི་མཁས་པའི་དབང་པོ་དེ་དག་རྗེས་སུ་འབྲང་མཁན་ཡིན་པས་ཚང་མས་སངས་རྒྱས་ཀྱི་ཆོས་ལ་དད་པ་ཙམ་མ་ཡིན་པར་རིགས་པས་དཔྱད་པ་བྱེད་དགོས། ཚན་རིག་པས་བཤད་པ་དང་ང་ཚོས་རིགས་པས་དཔྱད་ནས་འགྲོ་བ་ཧ་ཅང་མཐུན་པོ་འདུག་པ་དེ་ང་ཚོའི་ནཱ་ལེནྡྲའི་བརྒྱུད་པ་ཐུན་མོང་མ་ཡིན་པ་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ལའང་རིགས་པས་དོགས་སློང་གནང་སྟེ། ལུང་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་རིགས་པས་གནོད་ཡོང་གི་འདུག་ཅེས་བཤད་སྲོལ་ཡོད་པ་དེ་ཧ་ཅང་ཡག་པོ་རེད། དངོས་གནས་དྲང་གནས་དད་པ་ཙམ་མ་ཡིན་པར་རིགས་པས་དཔྱད་ནས་འགྲོ་བཞིན་ཡོད། ངོས་ཀྱིས་དེ་ལྟར་བྱེད་བཞིན་ཡོད་ལ་ཁྱེད་ཚོ་ཚང་མས་དེ་ལུགས་དགོངས་པར་བཅངས་རོགས་གནང་། བླ་མ་བཟོད་པ་རིན་པོ་ཆེ་ཁོང་བཞུགས་པའི་དུས་སུ་ཧུར་ཐག་འབད་ཐག་བྱས་སོང་། རིན་པོ་ཆེའི་ཡང་སྲིད་ཡག་པོ་ཞིག་ལ་ཁོང་རང་ཐུགས་བསྐྱེད་སྨོན་ལམ་ཏན་ཏན་ཡོདཔ་རེད་ལ་ཡང་སྲིད་ཡག་པོ་ཞིག་ཡོང་ཐུབ་པ་ལ་ངོས་ཀྱིས་རེ་བ་རྒྱག་གི་ཡོད། ཁྱེད་ཚོ་ཚང་མས་ཐུགས་སྨོན་མཚམས་སྦྱོར་གནང་རོགས་གནང་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་བཀའ་སློབ་བསྩལ་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།