ཐོག་བརྒྱབ་ནས་མི་ཉུང་མཐར་ལ་༩༣ བསད་འདུག

རྒྱ་གར་གྱི་ཆར་དུས་དང་བསྟུན་ནས་མངའ་སྡེ་༤ ཡི་ནང་དུ། ཉིན་གཉིས་རིང་ཐོག་གིས་ཉུང་མཐར་ལ་མི་༩༣ བསད་ཡོད་པ་དང་མི་༢༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག

13521732_1194377887252745_1195722780_nདེ་ཡང་ཟླ་འདིའི་ཚེས་༢༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་སྦི་སྦི་སི་ནང་དུ་གནས་ཚུལ་བཀོད་པར་གཞིགས་ན། ཉིན་གཉིས་ནང་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ནང་མི་༥༦ དང་ཡུ་པི། ཇར་ཀན་ཊེ། ཨེམ་པི་བཅས་ཀྱི་ནང་དུ་མི་༣༧ ལ་ཐོག་བརྒྱབ་ནས་ཚེ་སྲོག་ཤོར་ཡོད་འདུག དེའི་ནང་ནས་མང་ཆེ་བ་ཞིང་ཁར་ལས་ཀ་བྱེད་བཞིན་སྐབས་ཤི་བ་དང། ཕྲུ་གུ་དང་བུད་མེད་མང་པོ་ཡོད་འདུག

རྒྱ་གར་ནང་ལོ་གཅིག་གི་ཆར་པའི་བརྒྱ་ཆ་༨༠ དེ་ལོ་ལྟར་ཟླ་༦ ནས་༩ པ་བར་གྱི་ཆར་དུས་སྐབས་སུ་འབབ་ཀྱི་ཡོད་པ་དང། ཆར་ཤུགས་ཆེན་པོའི་སྐབས་ཐོག་མང་པོ་རྒྱག་གི་ཡོད་པས། ཕྱི་ལོ་༢༠༠༥ ནས་ལོ་ལྟར་མི་གྲངས་༢༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག

ཕྱི་ལོ་༢༠༡༤ ལོར་ཨ་རིའི་ཚན་རིག་པ་ཁག་ཅིག་གིས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་དུ། འཛམ་གླིང་གི་ཚ་དྲོད་རྒྱས་པ་དང་བསྟུན། ཐོག་རྒྱག་ཚད་མང་དུ་འགྲོ་ཡི་ཡོད་སྐོར་བཀོད་ཡོད་འདུག

ཐོག་རྒྱག་སྐབས་སུ་ཉེན་གཡོལ་ཆེད་དུ། ཁང་བརྩེགས་ཆེན་པོའམ་མོ་ཊའི་ནང་དུ་ཡིབ་དགོས་པ་དང།  ས་ཆ་སྟོང་པ་ཆེན་པོ་དང་རི་རྩེ་ལ་ཡོད་ཚེ། འབྲོ་ཐབས་བྱེད་པ། དེ་བཞིན་གལ་ཏེ་ཉེན་གཡོོལ་ཆེད་ཡིབ་ས་དང་འབྲོ་ས་མ་རྙེད་ཚེ། ས་ཐོག་ཏུ་འཇབ་ཁུམ་བྱས་ནས་མགོ་བོ་རྐང་པ་གཉིས་ཀྱི་བར་ལ་བཅུག་ནས་སྡོད་དགོས་འདུག གལ་ཏེ་ཆུའི་ནང་དུ་ཡོད་ཚེ་དེ་ལས་ལམ་སེང་ཕྱིར་ཐོན་དགོས་པ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།