ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་དངོས་སུ་དབུ་འབྱེད་གནང་སོང་།

མི་སྒེར་ཞིག་གིས་ངོ་དེབ་དང་ཏར་འཕྲིན་ཐོག་ཏུ་གཙོ་བོ་གཉེར་བའི་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་དེ་དབུ་འབྱེད་གནང་སོང་།  གསར་འགོད་པ་ཁོང་གི་མིང་ལ་དཀོན་མཆོག་བསྟན་འཛིན་ཟེར་ཞིང་། ཕྱི་ལོ་༢༠༠༧ གྱི་མཇུག་ཏུ་བོད་ནས་ཡོང་བ་ཡིན་འདུག

ཕྱི་ཚེས༢༥ ཉིན་གངས་སྐྱིད་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་གསར་པའི་ནང་དུ། དཀོན་མཆོག་བསྟན་འཛིན་ནས་གསར་འཛུགས་གནང་བའི་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ། འདི་ལོ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བསྟུན། ༸མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་གཉིས་ནས་དངོས་སུ་དབུ་འབྱེད་གནང་སོང་། ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པའི་གསར་འགྱུར་ནི་མི་སྒེར་ཞིག་གིས་གཙོ་བོ་ངོ་དེབ་དང་ཏར་འཕྲིན་ཐོག་ཏུ་རེས་གཟའ་ཉི་མ་ཕུད་ཉིན་ལྟར་རྒྱལ་སྤྱིའི་གསར་འགྱུར་སྤེལ་གྱི་ཡོད་པ་དང་། ཁོང་གི་མིང་ལ་དཀོན་མཆོག་བསྟན་འཛིན་དང་ཕྱི་ལོ་༢༠༠༧ གྱི་མཇུག་ཏུ་བོད་ནས་ཡོང་བ་ཞིག་རེད་འདུག ཁོང་གིས་༢༠༢༢ ཀྱི་མཇུག་ནས་ད་བར་ཉིན་རེའི་རྒྱལ་སྤྱིའི་གསར་འགྱུར་བོད་ཡིག་ནང་བསྒྱུར་ནས་ངོ་དེབ་ཐོག་སྤེལ་གྱི་ཡོད་འདུག དེ་ཡང་ཁོང་གིས། ཉིན་རེར་རྒྱལ་སྤྱིའི་སྟེང་འབྱུང་བཞིན་པའི་ཆབ་སྲིད་དང་དཔལ་འབྱོར། ཁོར་ཡུག འཕྲོད་བསྟེན། ཚན་རིག་སོགས་དང་འབྲེལ་བའི་གནས་ཚུལ་གཙོ་བོ་དག་བོད་ཡིག་ཏུ་སྤེལ་གྱི་ཡོད་པས། ཁོང་གི་སྤེལ་བའི་གསར་འགྱུར་དག་ལ་བོད་མི་མང་པོ་ཞིག་གིས་དགའ་མོས་བྱེད་ཀྱི་ཡོད་པ་དང་།

ཁོང་གི་དམིགས་ཡུལ་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་དགོངས་ལྟར། བོད་པའི་སྤྱི་ཚོགས་ཁྲོད་དམངས་གཙོའི་ལྟ་བ་དང་། འགྲོ་བ་མིའི་ཐོབ་ཐང་། རང་དབང་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཐབས་དང་། རྒྱ་ནག་གཞུང་གིས་བོད་ནང་འཁྱོག་བཤད་ཀྱི་གནས་ཚུལ་རྫུན་བཟོ་བྱེད་བཞིན་པ་དག་ལ་དངོས་ཡོད་དང་བདེན་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཆེད་དུ་བོད་པ་རང་གིས་གནས་ཚུལ་སྤེལ་རྒྱུ་གལ་ཆེ་ཡིན་པར་བརྗོད་སོང་། དེ་བཞིན་མ་འོངས་པར་གསར་འགྱུར་སྤེལ་སའི་དྲྭ་ཚིགས་དང་མཉེན་ཆས་ཤིག་བཟོ་རྒྱུའི་འཆར་གཞི་ཡོད་པར་བརྗོད་སོང་ལ། དཔལ་འབྱོར་གྱི་རྒྱབ་རྟེན་ཡག་པོ་ཞིག་བྱུང་ཚེ་བརྙན་གྱི་ལམ་ནས་གསར་འགྱུར་སྤེལ་རྒྱུ་ཡིན་པར་བརྗོད་སོང་། 

དེ་རིང་དབུ་འབྱེད་སྐབས་དགེ་བཤེས་སྨོན་ལམ་ནས་ད་ལྟའི་དུས་སུ་བོད་མི་ཚོས་མིས་བཟོས་རིག་ནུས་ཀྱི་ལམ་ནས་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་། དར་སྤེལ་གཏོང་རྒྱུ་ལ་འབད་དགོས་པར་བརྗོད་སོང་ལ། བོད་པའི་སྤྱི་ཚོགས་ཁྲོད་སྐབས་རེ་རྩོད་རྙོག་ཆུང་ཆུང་ཞིག་འབྱུང་དུས་ཧ་ལས་མདོག་དང་ཧང་སངས་སངས་བྱེད་པ་ནི་རྒྱལ་སྤྱིའི་གནས་ཚུལ་ཤེས་ཀྱི་མེད་པ་དང་། གཞན་གྱི་སྤྱི་ཚོགས་ལ་གོ་རྟོགས་མེད་པའི་རྐྱེན་གྱིས་ཡིན་ཞིང་། རྒྱུ་མཚན་དེ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ཁྲོད་རྒྱལ་སྤྱིའི་གནས་ཚུལ་སྤེལ་རྒྱུ་གལ་ཆེན་ཡིན་པར་བརྗོད་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ནས་ད་ལྟའི་བོད་པའི་སྤྱི་ཚོགས་ཁྲོད་དོན་མེད་ཀྱི་གནད་དོན་རིགས་ལ་མི་མང་ཁྲོད་ལྟ་མཁན་མི་ས་ཡ་བརྒལ་བའི་བརྙན་དེ་འདྲ་འདུག འོན་ཀྱང་། བོད་པའི་རྩ་དོན་དང་གལ་ཆེན་རིགས་ལ་དེ་ཙམ་ལྟ་ཀློག་བྱེད་མཁན་མེད་པ་ནི་ཧ་ཅང་སྐྱོ་པོ་ཡིན་པར་བརྗོད་སོང་ལ།  ང་ཚོའི་སྤྱི་ཚོགས་ཁྲོད་རྒྱལ་སྤྱིའི་གནས་ཚུལ་རིགས་གང་མང་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་བརྗོད་སོང་། 

དེ་རིང་གི་མཛད་སྒོའི་སྐབས་སུ་མི་མང་དང་གསར་འགོད་པ་མཉམ་ཞུགས་གནང་འདུག 

 ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་གསར་འཛུགས་གནང་མཁན་གསར་འགོད་པ་དཀོན་མཆོག་བསྟན་འཛིན་ནི། ཐོག་མར་ཕྱི་ལོ་༢༠༠༧ ལོ་མཇུག་ཏུ་བོད་ནས་རྒྱ་གར་དུ་ཡོང་ཡོད་འདུག་ཅིང་། ཐོག་མར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་བྱས། དེ་ནས་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལོ་འགའ་ཤས་རིང་སློབ་གཉེར་གནང་། ཕྱི་ལོ་༢༠༡༡ ནས་༢༠༡༥ བར་ས་རཱ་མཐོ་སློབ་ཏུ་རིག་གནས་རབ་འབྱམས་པའི་སློབ་སྦྱོང་གནང་ནས་སློབ་མཐར་ཕྱིན། དེ་རྗེས་རྡ་སར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་དང་རྫོང་གསར་བཤད་གྲྭ་བཅས་སུ་ལོ་ཤས་རིང་སློབ་སྦྱོང་གནང་རྗེས། ཕྱི་ལོ་༢༠༢༢ ལོར་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གསར་འཛུགས་གནང་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།