ད་ཆར་ཡུག་རེན་ནང་དེང་རབས་ཀྱི་གོ་མཚོན་བཟོ་གྲྭ་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག 

ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་རྒྱག་བཞིན་ཡོད་པ་དང་། ཨུ་རུ་སུ་ནི་ཡུག་རེན་ལས་དམག་དང་མཚོན་ཆ། གང་ཐད་ནས་སྟོབས་ཆེ་བ་ཡོད་པའི་རྐྱེན་གྱིས་གོ་མཚོན་འདང་བ་ཡོད་ཀྱང་། ཡུག་རེན་ལྟ་བུར་མཚོན་ན་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱིས་རོགས་རམ་མ་བྱས་ཚེ་དམག་འཁྲུག་ལས་ཕམ་ཉེས་འབྱུང་རྒྱུར་ཉེན་ཁ་ཡོད་པར་བརྟེན། ད་ཆར་རྒྱལ་ཁབ་གཞན་ལ་བརྟེན་མི་དགོས་པའི་ཆེད་དུ་ཡུག་རེན་རང་ཉིད་ནས་དེང་རབས་ཀྱི་གོ་མཚོན་བཟོ་གྲྭ་ཆེན་པོ་ཞིག་གསར་རྒྱག་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༤ ཉིན་ཨི་ཤེ་ཡའི་དུས་བབ་གསར་ཁང་གིས་བརྗོད་དོན་ལྟར་ན། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་རྒྱག་བཞིན་ཡོད་པའི་རྐྱེན་གྱིས་ཡུག་རེན་རྒྱལ་ཁབ་ཀྱི་བདེ་སྲུང་ཆེད་དུ་དམག་གི་སྟོབས་ཤུགས་དེ་སྔར་ལས་ལྡབ་འགྱུར་གྱིས་ཇེ་ཆེར་གཏོང་རྒྱུའི་འབད་རྩོན་བྱེད་བཞིན་ཡོད་པ་དང་། དམིགས་བསལ་དེང་རབས་ཀྱི་གོ་མཚོན་ནུས་ལྡན་ཅན་མང་པོ་ཞིག་བཟོ་ཆེད་དུ་ད་ཆར་གོ་མཚོན་བཟོ་གྲྭ་ཆེན་པོ་ཞིག་གསར་རྒྱག་བྱེད་བཞིན་ཡོད་པར་བརྗོད་འདུག ཡུག་རེན་ལྟ་བུར་མཚོན་ན་ཨུ་རུ་སུས་བཙན་འཛུལ་འགོ་བཙུགས་པ་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གོ་མཚོན་རོགས་རམ་ལ་བརྟེན་དགོས་འབྱུང་བཞིན་ཡོད་པ་དང་། ད་ཆར་དམག་འཁྲུག་བརྒྱབས་ནས་ལོ་གཅིག་ལྷག་ཙམ་ཕྱིན་ཟིན་ན་ཡང་ད་དུང་ཡུག་རེན་ལ་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གོ་མཚོན་རོགས་རམ་དགོས་ཀྱི་ཡོད་པ་དང་། གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་དག་གི་གོ་མཚོན་རོགས་རམ་མེད་ཚེ་དམག་འཁྲུག་ཁྲོད་ཕམ་ཉེས་འབྱུང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྟེན། ད་ཆར་ཡུག་རེན་རང་གིས་གོ་མཚོན་བཟོ་སྐྲུན་ཆེད་དུ་བཟོ་གྲྭ་གསར་རྒྱག་བྱེད་བཞིན་ཡོད་འདུག གོ་མཚོན་བཟོ་གྲྭ་གསར་རྒྱག་ཆེད་བྱང་ཆིངས་སྒྲིག་འཛུགས་ཀྱིས་འགྲོ་སོང་གཏོང་གི་ཡོད་པ་དང་། དེ་ཡང་དེང་རབས་ཧ་ཅང་ནུས་པ་ལྡན་པའི་གོ་མཚོན་རིགས་བཟོ་རྒྱུ་ཡིན་འདུག ཟླ་བ་སྔོན་མའི་ནང་ཡུག་རེན་གྱིས་བརྗོད་དོན་ལ་མ་འོངས་པར་ཡུག་རེན་གྱིས་འཛམ་གླིང་ནང་གི་གོ་མཚོན་བཟོ་སྐྲུན་ཆེ་ཤོས་ཤིག་རྒྱག་རྒྱུ་ཡིན་པར་བརྗོད་ཡོད་འདུག་ལ། ཡུག་རེན་རང་ཉིད་རྒྱལ་ཁབ་གཞན་ལ་གོ་མཚོན་རོགས་རམ་བརྟེན་མི་དགོས་པ་བཟོ་རྒྱུ་ཡིན་པར་ཡང་བརྗོད་ཡོད་འདུག དེ་བཞིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་། དབྱིན་ཡུལ་དང་ཧྥ་རན་སིའི་བདེ་སྲུང་བློན་ཆེན། དེ་བཞིན་ཧྥ་རན་སིའི་བདེ་སྲུང་དམག་སྤྱི་དང་གོ་མཚོན་བཟོ་གྲྭ་༢༠ ཙམ་ཞིག་གི་སྐུ་ཚབ་བཅས་ཡུག་རེན་ལ་ལྟ་སྐོར་དུ་ཕྱིན་ཡོད་འདུག ཉེ་ཆར་ཡུག་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ཡིས་བརྗོད་དོན་ལ། ད་ཆར་ཡུག་རེན་ནང་གོ་མཚོན་ནུས་པ་ལྡན་པའི་རིགས་༡༣ ཙམ་བཟོ་སྐྲུན་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། ཡུག་རེན་ལ་ད་ཆར་གོ་མཚོན་མང་པོ་དགོས་ཀྱི་ཡོད་ཀྱང་ཨ་རི་དང་རྒྱལ་ཁབ་གཞན་དག་ནས་རོགས་རམ་རག་རྒྱུ་ཉུང་དུ་འགྲོ་སྲིད་པར་བརྟེན་ཡུག་རེན་རང་ངོས་ནས་བཟོ་སྐྲུན་བྱེད་རྒྱུ་གལ་ཆེ་ཡིན་འདུག འཇར་མན་དང་དབྱིན་ཡུལ་གྱི་གོ་མཚོན་ནུས་པ་ཆེན་པོ་ཡོད་པའི་(Rheinmetall)དང་(BAE Systems)་ཟེར་བ་དག་གི་བཟོ་གྲྭ་ཡུག་རེན་ནང་གསར་འཛུགས་བྱེད་བཞིན་ཡོད་པར་རྗོད་ཀྱི་འདུག ད་ཆར་ཨ་རི་དང་ཡུ་རོབ་ནང་དུ་མི་མང་གིས་ཡུག་རེན་ལ་གོ་མཚོན་རོགས་རམ་བྱེད་རྒྱུར་རྒྱབ་སྐྱོར་ཉུང་དུ་འགྲོ་བཞིན་ཡོད་པར་བརྟེན་ནས་ཡུག་རེན་རང་ངོས་ནས་གོ་མཚོན་བཟོ་སྐྲུན་བྱེད་དགོས་འཁེལ་གྱི་ཡོད་འདུག ཕྱི་ལོ་༢༠༡༨ (The Foreign Policy research Institute)་ཟེར་བའི་ཉམས་ཞིབ་ལྟེ་གནས་ཁང་དེའི་ནང་Denys Kiryukhin་ཟེར་བ་ཞིག་གིས་རྩོམ་ཞིག་བྲིས་ཡོད་པ་དང་། རྩོམ་དེའི་ནང་བརྗོད་དོན་ལ་ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁབ་ཁ་འཐོར་ཕྱིན་རྗེས་སུ་ཡུག་རེན་ལ་གོ་མཚོན་ཕོན་ཆེན་རག་ཡོད་འདུག དཔེར་ན། དམག་མི་༧༨༠༠༠༠་དང་ལྕགས་ཁྲབ་འཁོར་ལོ་༦༥༠༠ དམག་གི་གནམ་གྲུ་༡༡༠༠ དམག་གི་གྲུ་གཟིངས་༥༠༠ གླིང་ཕྲན་གཞན་ལ་གཏོར་རྒོལ་ཐུབ་པའི་གོ་མཚོན་༡༧༦  རྡུལ་ཕྲན་མཚོན་ཆ་༡༠༠༠ བཅས་རག་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།