ད་བར་ཡུག་ཀེ་རན་གྱི་དམག་མི་༩༠༠༠ ཙམ་བསད་ཡོད་པ་རེད་འདུག 

ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་ནས་ཟླ་བ་དྲུག་འགྲོ་བཞིན་པའི་སྐབས་དེར། ད་བར་ཡུག་ཀེ་རན་གྱི་དམག་མི་༩༠༠༠ ཙམ་དང་མི་མང་དཀྱུས་མ་༥༥༨༧  ལྷག་བསད་ཡོད་སྐོར་འདུག

ཟླ་༨ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཡུག་ཀེ་རན་གྱི་སྤྱི་ཁྱབ་དམག་དཔོན་ཝཱ་ལི་རི་ཛ་ལུ་ཛི་ནཱི་ཡིས། ད་བར་དམག་སར་ཡུག་ཀེ་རན་གྱི་དཔའ་བོ་༩༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པས། ཡུག་ཀེ་རན་གྱིས་དཔའ་བོ་དེ་དག་གི་ཕྲུ་གུ་མང་པོ་ཞིག་ལ་གཅེས་སྐྱོང་བྱེད་དགོས་པ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པར་གཞིགས་ན། ཨུ་རུ་སུས་ད་བར་ཡུག་ཀེ་རན་གྱི་མི་མང་དཀྱུས་མ་༥༥༨༧ བསད་ཡོད་པ་དང་༧༨༩༠ ལ་རྨས་སྐྱོན་བཟོས་ཡོད་སྐོར་བརྗོད་འདུག་ཀྱང་། དངོས་ཡོད་ཁ་གྲངས་དེ་དག་ལས་མཐོ་བ་ཡོད་པ་ངོས་འཛིན་བྱེད་བཞིན་འདུག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ལས་ཁང་གིས་བརྗོད་དོན་ལྟར་ན། དམག་འཁྲུག་ལ་བརྟེན་ནས་ད་བར་ཡུག་ཀེ་རན་གྱི་ཕྲུ་གུ་ཉུང་མཐར་༩༧༢ བསད་པའམ་རྨས་སྐྱོན་ཕོག་ཡོད་པ། ལས་ཁང་གིས་ཁ་གྲངས་དེ་དག་བདེན་པ་ཁུངས་སྐྱེལ་བྱས་ཡོད་པ། དེ་བཞིན་དངོས་ཡོད་ཀྱི་ཁ་གྲངས་ནི་དེ་ལས་མཐོ་བ་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ཨུ་རུ་སུས་ཟླ་༣ པའི་ཚེས་༢༥ ཉིན་བཙན་འཛུལ་གྱི་ཟླ་བ་དང་པོའི་སྐབས་སུ་ཨུ་རུ་སུའི་དམག་མི་༡༣༥༡ གྱི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་འདུག་པ་ལས། དེའི་རྗེས་སུ་ཚེ་སྲོག་ཤོར་མཁན་གྱི་དམག་མིའི་ཁ་གྲངས་སྐོར་ཡོངས་གྲགས་གང་ཡང་བྱས་མེད་འདུག འོན་ཀྱང་ཨ་རིའི་དམག་གི་དཔོན་རིགས་ཚོས་ཨུ་རུ་སུའི་དམག་མི་ཁྲི་༧ ནས་༨ བར་གྱི་ཚེ་སྲོག་ཤོར་ཡོད་པའི་ཚོད་དཔག་བྱས་འདུག་ཀྱང་། ཁ་གྲངས་དེ་དངོས་ཡོད་ཡིན་མིན་ཤེས་ཐབས་བྲལ་བ་རེད་འདུག 

སྤྱིར་བཏང་དམག་འཁྲུག་གི་དུས་སུ། དགྲ་བོ་ཕྱོགས་ལ་སེམས་ཤུགས་གཅོག་ཆེད་དང་རང་ཕྱོགས་ལ་སེམས་ཤུགས་སྤོར་ཆེད་དུ། དམག་མི་ཚེ་སྲོག་ཤོར་མཁན་གྱི་ཁ་གྲངས་དངོས་ཡོད་སྦས་པ་དང་། དེ་བཞིན་རྒྱལ་ཁ་ཐོབ་བཞིན་ཡོད་པའི་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེན་བྱེད་སྲོལ་ཡོད་པ་རེེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།