ད་ལྟ་རྒྱ་ནག་གི་བྷའེ་དྷེ་མཚོ་ངོགས་སུ་དབང་ཆའི་འཐབ་རྩོད་འཁྲུག་པའི་སྒང་ཡིན་སྲིད། 

ཧྲན་དྷོན་(Zhang Dun)གྱིས་བརྩམས། 

དཀོན་མཆོག་གིས་བསྒྱུར། 

རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་བདུན་པོ་ཕྱི་ཟླ་བརྒྱད་པའི་འགོ་སྟོད་ནས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཐོང་རྒྱུ་མེད་པར་གྱུར་ཡོད། འདིས་པེ་ཅིང་ནས་ཐག་མི་རིང་བའི་བྷའེ་དྷེ་(Beidaihe)མཚོ་ངོགས་སུ་ལོ་རེའི་གསང་བའི་ཚོགས་ཆེན་(སྐབས་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་གསལ་བསྒྲགས་དང་། བསྒྲགས་གཏམ། མི་མང་ལ་འབྲེལ་གཏུག་བཅས་མེད་པར་འཛོམས་ཀྱི་ཡོད།) འཚོགས་བཞིན་པ་སྟོན་ཐུབ། 

ཚོང་འབྲེལ་གྲོས་མོལ་དང་། དམར་ཤོག་ཚོགས་པའི་ནད་འབུ་(ཏོག་དབྱིབས་ནད་འབུ་ཡང་ཟེར།)རྒྱ་ཁྱབ་ལྟ་བུའི་ཆག་སྒོ་དང་། རྩོད་རྙོག་སྣ་ཚོགས་ཀྱིས་ཕྱི་ལོ་༢༠༢༠ ལོར་དམར་ཤོག་སྲིད་གཞུང་ལ་དཀའ་ཁག་ཆེན་པོ་སྟེར་གྱི་ཡོད་སྟབས། དམར་ཤོག་ཚོགས་པའི་འཐབ་གྲོགས་རྣམས་ཀྱི་གསང་བའི་ཚོགས་འདུ་ལ་དོ་ཁུར་བྱེད་འོས། 

དམར་ཤོག་དབུས་རྒྱུན་ལས་མི་སྣ་བདུན་པོ་མཐོང་ཡུལ་དུ་མེད། 

ཕྱི་ཟླ་བརྒྱད་པའི་ཚེས་༡ ནས་བཟུང་དམར་ཤོག་དབུས་རྒྱུན་ལས་མི་སྣ་བདུན་པོ་སུ་གཅིག་ཀྱང་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་མེད། དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་གིས་ཕྱི་ཟླ་བརྒྱད་པའི་ཚེས་༥ ཉིན་ལི་བྷི་ནོན་(Lebanon) གྱི་སྲིད་འཛིན་ལ་རྒྱལ་ཁབ་དེ་གའི་རྒྱལ་ས་བྷེ་རུ་(Beirut) ལ་འབར་གས་ཀྱི་དོན་རྐྱེན་་ཆེན་པོ་ཞིག་བྱུང་བར་སེམས་གསོའི་འཕྲིན་བསྐུར་བའི་གནས་ཚུལ་ཡོད་ཀྱང་། ཁོ་མི་མང་གི་མིག་ལམ་དུ་ཐོན་མེད། 

རྒྱ་ནག་གི་འགོ་ཁྲོད་ཚོས་ལོ་རེའི་གསང་བའི་ཚོགས་འདུ་འཚོགས་པའི་གྲ་སྒྲིག་བྱེད་བཞིན་པའི་རྟགས་མཚན་གཅིག་ནི། ཚོགས་འདུ་དངོས་སུ་འགོ་མ་ཚུགས་པའི་སྔོན་ལ་འགོ་ཁྲིད་ལས་ཐོག་དང་། བགྲེས་ཡོལ་ཞུས་ཟིན་པའི་མི་སྣ་མཐོན་པོ་རྣམས་ཀྱིས་ཚན་རིག་དང་། གསོ་རིག འཕྲུལ་ལས་བཅས་ལ་མཁས་པའི་མི་སྣ་དག་བྷའེ་དྷེ་རུ་ཉིན་གཅིག་གམ་གཉིས་ལ་དབྱར་ཁའི་སྤྲོ་སྐྱིད་ལ་མགྲོན་འབོད་བྱེད་སྲོལ་ཡོད་པ་དེ་རེད། 

ཕྱི་ལོ་༢༠༠༣ ལོའི་བྷའེ་དྷེ་གསང་བའི་ཚོགས་འདུ་དཔེ་མཚོན་དུ་བཞག་ན། སྐབས་དེའི་སྲིད་འཛིན་གཞོན་པ་ཀྲིན-ཆེན་ཧོང་(Zeng Qinghong) གིས་རྒྱ་ནག་གི་ཚན་རིག་པ་དང་། ཆེད་ལས་མཁས་པ་རྣམས་བྷའེ་དྷེ་ལ་བོས་ནས་སཱར་ནད་ཡམས་(SARS) སྐོར་གྲོས་བསྡུར་བྱས་ཡོད། 

འདི་ལོར་ཡོངས་ཁྱབ་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྒང་ཡིན་སྟབས། དམར་ཤོག་ཚོགས་པས་ཆེད་ལས་མི་སྣ་མགྲོན་འབོད་བྱེད་རྒྱུ་ཡིན་མིན་དེ་ད་ལྟའི་ཆར་གསལ་ཐག་ཆོད་མེད། 

འདི་ལོའི་གྲོས་གཞི། 

བྷའེ་དྷེ་རུ་སྐོང་འཚོགས་བྱས་པའི་གསང་བའི་ཚོགས་འདུ་འདིའི་ནང་། རྒྱལ་ནང་གི་གོད་ཆག་དང་། སེལ་རྒྱུར་ལྷག་པའི་རྒྱལ་སྤྱིའི་འགལ་ཟླ་སོགས་ཀྱི་དཀའ་ཁག་སྣ་ཚོགས་ཞིག་གྲོས་བསྡུར་བྱེད་ངེས་རེད། ཊོམ་སྲིད་གཞུང་ནས་རྒྱ་ནག་གི་དཔོན་པོ་དང་། བཟོ་ཚོང་ཁང་རྣམས་ལ་ཉེས་ཆད་མང་པོ་བཅད་པའི་ཐོག རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་ཁང་སྒོ་རྒྱག་རེས་བྱས་པས་ར་སྤྲོད་བྱེད་པ་ལྟར། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་ཧ་ཅང་སྐྱོ་རུ་ཕྱིན་ནས་ཚད་དམའ་ཤོས་སུ་ཐོན་ཡོད། 

བརྗོད་མི་དགོས་པ་ཞིག་ལ། ཕྱི་འབྲེལ་གྱི་རྩོད་རྙོག་མང་པོ་འདིའི་ནང་དམར་ཤོག་ཚོགས་པ་ཉེས་མེད་ཅིག་མ་ཡིན་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་སྤྱིའི་འགལ་ཟླ་དྲག་ཏུ་གཏོང་བྱེད་ཀྱི་ཚུར་རྒོལ་མང་པོ་ཞིག་བརྩམས་ཡོད། ཐའེ་ཝན་མཚོ་འགག་དང་། ལྷོ་རྒྱ་ནག་རྒྱ་མཚོ། ཤར་རྒྱ་ནག་རྒྱ་མཚོ་བཅས་སུ་དམག་གི་བྱ་འགུལ་སྤེལ་བ་དང་། རྒྱ་གར་དང་ལྷན་དུ་ས་མཚམས་རྩོད་རྙོག་བྱུང་བ། ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་འབྲེལ་ལམ་ཞན་དུ་ཕྱིན་པ། ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་ཆེད་དབྱིན་རྒྱའི་ཆིངས་ཡིག་རྩིས་མེད་རྡོག་རོལ་བཏང་བ་སོགས་ཀྱི་རྐྱེན་གྱིས་རང་དབང་ལྡན་པའི་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་པ་ཆགས་ཡོད། 

རྒྱ་ནག་ནང་ཁུལ་དུའང་། དམར་ཤོག་ཚོགས་པར་དཀའ་ངལ་གྱིས་མནར་ནས་ཡོད་དེ། ལྷོ་ཕྱོགས་སུ་ཆུ་ལོག་དང་། བྱང་ཕྱོགས་སུ་ཐན་པ། དེ་བཞིན་རྒྱལ་ཡོངས་སུ་ནད་ཡམས་སྣ་ཚོགས་འབྱུང་བཞིན་པའི་ཐོག སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་ཚོས་(ས་ཁང་ཉོ་ཚོང་གི་ཕྱུག་བདག་རན-ཀྲི་ཆེན་(Ren Zhiqiang) དང་། མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤིའུ-ཧྲན་རན་(Xu Zhangrun)ལྟ་བུ་རེད།) དམར་ཤོག་གཞུང་ལ་སྐྱོན་བརྗོད་བྱེད་པ་དང་། དཔལ་འབྱོར་ཉམས་གུད། ཐ་ན་དམར་ཤོག་ཚོགས་མིའི་ཁྲོད་དུ་ནང་འཁྲུག་འབྱུང་བཞིན་པའང་ཕྱི་ལ་མངོན་གྱི་ཡོད། 

ནག་འཁྲུག་གི་དཔེ་མཚོན་གཞན་ཞིག་ནི། (སྒྱུར་མཆན། གོང་ནས་ནང་འཁྲུག་འབྱུང་བཞིན་པའི་རྟགས་མཚན་ཅུང་མགོ་ཉོག་པོ་ཞིག་མ་བསྒྱུར་བར་བསྐྱུར་ཡོད།) ཕྱི་ཟླ་བདུན་པའི་ཚེས་༣༡ ཉིན་རྒྱ་ནག་གི་བར་སྣང་སྲུང་སྐར་མ་ལག་(Beidou 3 satellite navigation system) སྒོ་འབྱེད་ཀྱི་མཛད་སྒོའི་བརྙན་ཐུང་དྲ་ཐོག་ལ་ཤུགས་ཆེན་ཁྱབ་པ་དེ་རེད། [བརྙན་ཐུང་དེའི་ནང་།] ཞི་ཅིན་ཕིང་གི་བློ་ཐག་ཉེ་བའི་མཐུན་གྲོགས་དང་། སྐབས་དེའི་མཛད་སྒོའི་འགན་འཁུར་མཁན་སྲིད་བློན་གཞོན་པ་ལིའུ-ཧེ་(Liu He) ཡིས་སྲིད་བློན་ལི་ཁེ་ཆིང་(Li Keqiang) མི་མང་གི་མདུན་དུ་ངོ་ཚ་ཆེན་པོ་ཞིག་སྟེར་ཡོད། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བསྟན་པའི་བརྙན་ཐུང་དེའི་ནང་། སྲིད་བློན་གཞོན་པ་ལིའུ-ཧེ་ཡིས་སྲིད་བློན་ལི་ཁེ་ཆིང་མཛད་སྒོའི་སྟེང་མཚམས་སྦྱོར་ངོ་སྤྲོད་བྱེད་དུས། ལི་ཁེ་ཆིང་ལ་མི་མང་གི་དགའ་བསུ་ངོས་ལེན་བྱེད་པའི་དུས་ཚོད་མ་སྤྲད་པར་[མུ་མཐུད་དཔོན་པོ་གཞན་རྣམས་མཚམས་སྦྱོར་བྱས་པས།] ལི་ཁེ་ཆང་ངོ་ཤིན་ཏུ་ཚ་བ་གསལ་པོ་རེད། 

ཞེ་ཅིན་ཕིང་ལ་གོ་གནས་ནས་མར་འབབ་དགོས་ཞེས་བཤད་པའི་གཏམ་འཆལ། 

ནི་ཁེ་གསར་ཁང་(Nikkei)གི་རྩོམ་པ་པོ་རྒན་པ་ཁཱ་ཚོ-ནག་ཝ་(Katsuji Nakazawa) ཡིས་ཉེ་ཆར་སྤེལ་བའི་རྩོམ་ཡིག་ཅིག་ཏུ། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པར་བརྟེན། བྷའེ་དྷེ་གསང་བའི་ཚོགས་འདུའི་ཐོག་ཚོགས་མི་རྒན་པ་ཚོས་ཞི་ཅིན་ཕིང་ལ་སྐད་ཆ་བྱེད་རྒྱུ་གཏན་ཁེལ་ཡིན་པའི་ཚོད་དཔག་བྱས་ཡོད་ལ། དེ་བཞིན་རྒྱ་ཡིག་ནང་དུ་ཞི་ཅིན་ཕིང་གི་དགྲ་ཟླ་ཚོས་ཁོ་ཁྲི་ལས་མར་འབེབས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་ཡོད།  

དཔེ་བཞག་ན། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་དྲ་ཐོག་ལ་བརྒྱུད་སྐུར་འགྲོ་བཞིན་པའི་ཞུ་ཡིག་ཅིག་གིས་དམར་ཤོག་དབུས་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་འདུ་ཕར་འགྱང་བྱས་ཏེ་“གནད་དོན་དེ་”གྲོས་བསྡུར་བྱེད་པའི་དགོས་འདུན་བཏོན་ཡོད་ཅིང་།  “གནད་དོན་དེ་”ནི་ཞི་ཅིན་ཕིང་གོ་གནས་ནས་མར་ཕབ་དགོས་དང་མི་དགོས་རེད། ཞུ་ཡིག་དེ་དབང་ཤུགས་ཆེ་བའི་མི་སྣ་ཆན་ཕིན་(Chen Ping)གྱིས་ཁྱབ་རྒྱ་ཆེ་བའི་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་ཐོག་ཏུ་བརྒྱུད་སྤེལ་ཡང་བྱས་ཡོད། 

དེ་མིན་ད་དུང་། པེ་ཅིང་གཞུང་ལ་ཡང་ཡང་སྐྱོན་བརྗོད་བྱེད་མཁན་ཁཱ་ལི-བྷ་སི་(Kyle Bass)ཡིས་ཋོའུ་ཋར་དྲ་བའི་ཐོག་སྤེལ་བའི་སྐད་ཆ་ཞིག་ཕྱི་ཟླ་བཞི་པའི་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། ཁོའི་ནང་ལོགས་ཀྱི་གནས་ཚུལ་ཡོང་ཁུངས་ལྟར་ན། “ཀོང་ཏུང་ཞིང་ཆེན་གྱི་མཐོ་རིམ་མི་སྣ་ཚོས་(ཨ་ཞང་ཏིང་གི་ཁྱིམ་བརྒྱུད་ཡིན)’གཏན་གྱི་གོང་མ་’མགོ་རྟིང་སློག་པའི་བྱ་འགུལ་ཞིག་གི་འགོ་རྩོམ་བཞིན་ཡོད།” དེ་ནི་དམར་ཤོག་གི་འགོ་ཁྲིད་ཟུར་པ་ཏིང་ཞའོ་ཕིན་[གྱི་ཁྱིམ་བརྒྱུད་]དང་ཞི་ཅིན་ཕིང་གྱི་འགལ་ཟླ་གླེང་བ་ཡིན། 

གཞན་ཡང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo)ཡིས་ཉེ་ཆར་གནང་བའི་གསུང་བཤད་ཅིག་གི་ནང་། ཁོང་གིས་རང་དབང་ལྡན་པའི་འཛམ་གླིང་གིས་རྒྱ་ནག་མི་མང་དང་མཉམ་འབྲེལ་བྱས་ཏེ་རྒྱ་ནག་ལ་འགྱུར་བ་ངོ་མ་ཞིག་ཡོང་དུ་འཇུག་དགོས་ཚུལ་བཤད་ཡོད་ལ། ཁོང་གིས་“རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་འགྱུར་བ་གཏོང་རྒྱུ་དེ་རྒྱ་ནག་མི་མང་གཅིག་པུའི་ལས་འགན་མ་རེད། རང་དབང་ལྡན་པའི་རྒྱལ་ཁབ་ཚོས་ངེས་པར་དུ་རང་དབང་སྲུང་སྐྱོབ་ཆེད་དུ་ལས་དོན་སྒྲུབ་དགོས། གལ་སྲིད་རང་དབང་ལྡན་པའི་འཛམ་གླིང་གིས་ཕར་འགྱུར་བ་མ་བཏང་བ་ཡིན་ན། རྒྱ་ནག་དམར་པོས་ང་ཚོ་ཚུར་འགྱུར་བ་གཏོང་བ་གཏན་ཁེལ་རེད་”ཅེས་གསུངས་ཡོད། 

ཞི་ཅིན་ཕིང་བྷའེ་དྷེ་གསང་བའི་ཚོགས་འདུ་གཅིག་ཁོ་ན་བརྒྱུད་དེ་མགོ་རྟིང་སློག་པ་དེ་ཡོང་མི་སྲིད་པར་སྣང་། ཡང་གཅིག་བཤད་ན། ཞི་ཕིན་ཕིང་གི་དམར་ཤོག་ཚོགས་པའི་གོ་ས་མཐོ་ཤོས་དེ་བཟུང་རྗེས། འདས་པའི་ལོ་ངོ་བརྒྱད་ཀྱི་རིང་ལ་དམག་གི་དབང་ཤུགས་རྒྱ་སྐྱེད་བྱས་ཡོད། ཞི་ཅིན་ཕིང་གནས་དབྱུང་གཏོང་རྒྱུ་དེ་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཧོ་ཡོ་པང་(Hu Yaobang)དང་། ཀྲོའོ་ཛི་ཡན་(Zhao Ziyang)གཉིས་ཇི་ལྟར་གནས་དབྱུང་བཏང་བ་ལྟར་ལས་སླ་པོ་ཞིག་མ་རེད། རྒྱུ་མཚན་ནི་ཁོ་གཉིས་ཀར་དམག་གི་དབང་ཤུགས་དངོས་གནས་ཤིག་མེད།

དེ་ལྟར་ཡིན་ན་ཡང་། ད་ལྟ་བྷའེ་དྷེ་མཚོ་ངོགས་སུ་ཆབ་སྲིད་དབང་ཆའི་འཐབ་རྩོད་དྲག་པོ་ཞིག་འབྱུང་བཞིན་པར་ཡིད་ཆེས་བྱས་ན་འགྲིག་ཡོད། །