ད་ལྟ་ཨུ་རུའི་གཙོ་སྐྱོང་འོག་ཡོད་པའི་བྷི་རི་སིའི་(BRICS) ཚོགས་པའི་ཁོངས་སུ་རྒྱལ་ཁབ་གསར་པ་ལྔ་དངོས་སུ་བཅུག

ཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ་སོགས་རྒྱལ་ཁབ་ལྔ་ལས་གྲུབ་པའི་བྷི་རི་སིའི་ཚོགས་པའི་ཁོངས་སུ་རྒྱལ་ཁབ་གསར་པ་ལྔ་དངོས་སུ་ཚོགས་ཁོངས་སུ་བཅུག་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། ལོ་འདིའི་ནང་ཨུ་རུ་སུའི་གཙོ་སྐྱོང་འོག་ཚོགས་པ་དེས་བྱེད་སྒོ་ཉིས་བརྒྱ་ཙམ་སྤེལ་རྒྱུ་ཡིན་འདུག

(པར། africanews.)

ལོ་སྔོན་མ་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཀ།ཨུ་རུ་སུ་དང་བྷར་ཛིལ་བཅས་རྒྱལ་ཁབ་ལྔ་ལས་གྲུབ་པའི་(བྷི་རི་སི་) ་ཞེས་པའི་ཚོགས་པའི་ལོ་འཁོར་ཚོགས་འདུ་ཐེངས་༡༥ དེ་ལྷོ་ཨ་ཧྥི་རི་ཀ་ལ་ཚོགས་པའི་སྐབས། ཚོགས་ཁོངས་སུ་རྒྱལ་ཁབ་ལྔ་ཞིག་བསྣོན་རྒྱུའི་ཐག་གཅོད་བྱུང་བ་ལྟར། ཟླ་འདིའི་ཚེས་༡ ཉིན། ཚོགས་ཁོངས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ་བཅས་གསུམ་གྱིས་ཨི་ཇིབ་དང་ཨི་ཐོ་པི་ཡ། སོ་དྷི་ཨ་རབ། ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་བཅས་དངོས་སུ་ཚོགས་ཁོངས་སུ་བཅུག་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་འདུག

ཕྱི་ལོ་༢༠༢༤ ལོ་བྷི་རི་སི་ཚོགས་པའི་ལྷན་ཚོགས་གཙོ་སྐྱོང་གནང་མཁན་ནི་ཨུ་རུ་སུ་ཡིན་པ་དང་། ཨུ་རུ་སུའི་སྲིད་འཛིན་གྱི་གཙོ་སྐྱོང་འོག་ལོ་འདིའི་ནང་ཨུ་སུ་རུའི་གྲོང་ཁྱེར་མང་པོར་རིམ་པ་མི་འདྲ་བ་དང་། རིགས་མི་འདྲ་བའི་བྱེད་སྒོ་ཐེངས་༢༠༠ ལྷག་གཉེར་རྒྱུ་ཡིན་འདུག་པ་དང་།

ཨུ་རུ་སུའི་སྲིད་འཛིན་གྱིས་ཨུ་རུ་སུའི་གཙོ་སྐྱོང་འོག་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་ཁྲོད་བྷི་རི་སིའི་ནུས་ཤུགས་ཆེ་རུ་གཏོང་རྒྱུ། དངུལ་ཁང་ཕན་ཚུན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བྷི་རི་སིའི་དངུལ་ལོར་བེད་སྤྱོད་མང་དུ་གཏོང་རྒྱུ་དང་། དེ་བཞིན་ཚན་རིག་དང་འཕྲུལ་རིག འཕྲོད་བསྟེན་ལྟ་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ། རིག་གནས་དང་ལུས་རྩལ་བཅས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

རྒྱལ་ཁབ་ལྔ་ཡོད་པའི་བྷི་རི་སི་ཞེས་པའི་ཚོགས་པའི་ལྷན་ཚོགས་ཐེངས་དང་པོ་༢༠༠༩ ལོར་ཚོགས་ཡོད་པ་དང་། ད་ལྟའི་ཆར་ཚོགས་ཁོངས་སུ་རྒྱལ་ཁབ་༡༠ ཡོད་པ་དང་། འཛམ་གླི་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་༤༥% དང་དཔལ་འབྱོར་གྱི་བརྒྱ་ཆ་༢༨% ་ཟིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བྷི་རི་སི་ཚོགས་པས་འཛམ་གླིང་ཐོག་རྒྱལ་ཁབ་ཁག་ལ་དངུལ་གཡར་མཁན་འཛམ་གླིང་གི་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དབང་བསྒྱུར་བྱེད་ཀྱི་ཡོད་པར་བརྗོད་ནས། ཕྱི་ལོ་༢༠༡༤ ལོ་བྷི་རི་སི་ཚོགས་པས་སྤྱི་ཚོགས་འཕེལ་རྒྱས་ཆེད་དངུལ་གཡར་ས་གསར་སྤེལ་དངུལ་ཁང་(New Development Bank) ཞེས་པ་ཞིག་བཙུགས་ཡོད་འདུག ཕྱི་ལོ་༢༠༢༢ ལོ་མཇུག་བར་དངུལ་ཁང་དེས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་གཞུང་ལམ་དང་མེ་འཁོར་ལྕགས་ལམ། ཟམ་པ་འཛུགས་བསྐྲུན་སོགས་ཀྱི་ཆེད་ཨ་སྒོར་ཐེར་འབུམ་$༣༢ གཡར་ཟིན་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་བྷི་རི་སི་ཚོགས་པ་བརྒྱུད་ནས་ཨ་ཧྥི་རི་ཀ་གཙོས་པའི་རྒྱལ་སྤྱིའི་ནང་ཤུགས་རྐྱེན་དང་སྟོབས་ཤུགས་རྒྱས་ཐབས་བྱེད་བཞིན་ཡོད་པ་དང་། ཨུ་རུ་སུ་ནི་ནུབ་ཕྱོགས་པའི་དཔལ་འབྱོར་ཉེས་ཆད་འོག་ཡོད་པས་ཚོགས་པ་དེ་ནི་ཨ་རིས་འགོ་འཁྲིད་པའི་ནུབ་ཕྱོགས་པ་ཚོ་ལ་ཁ་གཏད་གཅོག་རོགས་ཤིག་ལ་བརྩི་བཞིན་ཡོད་འདུག

ལོ་སྔོན་མ་བྷི་རི་སི་ཚོགས་པས་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཨར་ཇེན་ཊི་ན་ཚོགས་ཁོངས་སུ་འཇོག་རྒྱུ་ཐག་གཅོད་བྱས་ཡོད་ཀྱང་། ལོ་སྔོན་མའི་ཟླ་༡༢ ཚེས་༢༩ ཉིན་ཨར་ཇེན་ཊི་ནའི་གཞུང་གསར་པས་ཕྱིར་འཐེན་བྱས་ཡོད་འདུག ཨར་ཇེན་ཊི་ནའི་སྲིད་འཛིན་གསར་པ་(Milei) ཡིས་འོས་བསྡུའི་སྐབས་སུ། ང་ཚོའི་ས་ཁམས་ཆབ་སྲིད་ཀྱི་མནའ་འབྲེལ་ནི་ཨ་རི་དང་ཨི་སི་རེལ་ཡིན་པ་དང་། དམག་ཤོག་ཚོགས་པ་དང་མནའ་འབྲེལ་བྱ་རྒྱུ་མིན་ཞེས་བརྗོད་ཡོད་འདུག ཡིན་ན་ཡང་། ད་ལྟའི་ཆར་རྒྱ་ནག་གིས་ལྷོ་ཨ་མེ་རི་ཀའི་ནང་མ་རྩ་འཛུགས་རྒྱུ་མང་དུ་འགྲོ་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།