ད་ལྟའི་ངོ་རྒོལ་གྱི་ས་མཚམས།
ཆེད་བརྗོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྐུར་འདེབས་ཤུགས་ཆེ་བྱས་པར་བརྟེན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་ནང་པ་རྣམས་དང་། བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་གསར་ཁང་ཁག་དང་གསར་འགོད་པ། མི་སྒེར་བཅས་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་རྣམས་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་མཚམས་མ་ཆད་པར་སྤེལ་བ་ནི། བོད་མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱ། ༧གོང་ས་མཆོག་ལ་དད་འདུན་བཅས་ལ་བརྟེན་ནས་བྱུང་བས་གཟི་བརྗིད་དང་སྤོབས་པ་འབའ་ཞིག་ཏུ་གྱུར་ཡོད། ད་ལན་གྱི་གནས་ཚུལ་འདིའི་ཐོག་ནས་འགག་ལ་ཐུག་དུས་བོད་པ་རྣམས་རྡོག་རྩ་གཅིག་སྒྲིལ་ཡིན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་པ་རྣམས་ཀྱིས་དད་དམ་གཡོ་བ་མེད་པ་དང་ལྷག་བསམ་རྣམ་དག་གིས་བོད་དོན་རྒྱབ་སྐྱོར་གནང་གི་ཡོད་པའི་རྣམ་པ་གསལ་པོ་ཆགས་པས། མ་འོངས་པར་བོད་དོན་ཆབ་སྲིད་དང་བོད་བརྒྱུད་ནང་བསྟན་གྱི་ངོས་ནས་མདུན་ལམ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག
མང་གཙོའི་ལུང་པ་ཞིག་ལ་མཚོན་ན་གཞི་རིམ་མི་མང་ལ་རང་ཉིད་ཀྱི་དགོས་འདུན་གཞི་རྩར་བཟུང་ནས་ངོ་རྒོལ་བྱ་རྒྱུའི་ཐོབ་ཐང་ཡོད་པ་དང་། དེ་ལ་བརྟེན་ནས་རྣམ་འགྱུར་འདྲ་མིན་སྟོན་ཆོག་པ་འདི་ཡང་རང་དབང་གི་ཆ་ཤས་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། ད་ལན་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་རྒྱ་གར་གྱིས་གཙོས་མང་གཙོ་དང་རང་དབང་ཅན་གྱི་ཡུལ་གྲུ་ཁག་ཏུ་ཆ་རྐྱེན་ནམ་གོ་སྐབས་འདི་ལ་བརྟེན་ནས་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་ཐུབ་པ་རེད། ལས་འགུལ་སྤེལ་སྐབས་གསར་འགོད་པ་དང་གསར་ཁང་གིས་དགོངས་དག་ཞུ་དགོས་པ་སོགས་ཀྱི་དགོས་འདུན་མང་དྲགས་ན། བོད་མི་རྣམས་སྐྱབས་བཅོལ་བའི་གནས་བབས་ཤིག་ཏུ་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་ལ་མཚོན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་མེད་པའི་རྒྱལ་ཁབ་ཅིག་ཡིན་པས། ད་ལྟའི་ཆར་བོད་པ་ལ་རོགས་སྐྱོར་གནང་བ་གནང་བ་ཚང་མ་འཛིན་སྐྱོང་གི་ཐག་གཅོད་ཀྱི་ཐོག་ནས་ཡོང་གི་ཡོད་པ་ལས་ཁྲིམས་ཀྱི་གཞི་འཛིན་ས་རྒྱ་ཆེན་པོ་གང་ཡང་མེད།
གསར་འགྱུར་བརྒྱུད་ལམ་ཁག་ལ་མཚོན་ན་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཆེ་ཁག་གི་རྒྱབ་ལྗོངས་མེད་མཁན་ཕལ་ཆེར་མེད་པ་དང་གཅིག རྒྱ་གར་གྱི་སྤྱི་ཚོགས་ནང་གསར་འགྱུར་བརྒྱུད་ལམ་ཁག་ཤུགས་རྐྱེན་ཆེ་བ་དང་གཉིས། མ་འོངས་པར་བོད་དོན་ལས་འགུལ་སོགས་བོད་པ་དང་འབྲེལ་བའི་གནས་ཚུལ་ག་རེ་ཡིན་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་ཡོང་བའི་ཐབས་ཤེས་བྱེད་དགོས་པ་དང་གསུམ། བཙན་བྱོལ་བོད་མི་རྣམས་ཕལ་ཆེ་བ་ས་ཆ་བོགས་མར་བླངས་ནས་སྐྱབས་བཅོལ་དུ་གནས་སྡོད་བྱེད་མཁན་ཡིན་པས་རྒྱ་གར་མི་མང་དང་གནས་སྟངས་མི་འདྲ་བ་དང་བཞི། རྒྱ་གར་གྱི་སྤྱི་ཚོགས་ནང་གསར་འགོད་པ་རྣམས་ལ་ཚད་ལས་བརྒལ་བའི་རང་དབང་ཡོད་པ་དང་ལྔ་བཅས་ལ་བརྟེན། ལས་འགུལ་འདི་དག་འོས་འཚམ་ཞིག་མ་བྱུང་ན་མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གནོན་སྐྱོན་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས། ལས་འགུལ་གང་སྤེལ་ཡང་དང་པོ་ང་ཚོ་སྐྱབས་བཅོལ་དུ་ཡོད་པའི་བཙན་བྱོལ་བོད་མི་ཡིན་པ་མ་བརྗེད་པ་བྱ་རྒྱུ་ཧ་ཅང་གལ་ཆེ།
གསར་འགྱུར་བརྒྱུད་ཁག་ལ་ཁ་གཏད་ཀྱི་རྣམ་པ་ཤུགས་ཆེན་པོ་ཆགས་ན་མ་འོངས་པར་དུས་རྒྱུན་བོད་དོན་དང་འབྲེལ་བའི་གནས་ཚུལ་གྱི་ཁ་ཕྱོགས་ཐོག་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་དང་། གསར་ལམ་ཁག་གི་ཤུགས་རྐྱེན་ལ་བརྟེན་ནས་སྲིད་དོན་ཚོགས་པ་ཁག་གིས་ཀྱང་བོད་དོན་ལ་ལྟ་སྟངས་སྡུག་ཏུ་འགྲོ་སྲིད་པ་སོགས་ཀྱིས་ལས་འགུལ་རྣམས་ཚད་དང་ས་མཚམས་ཡོད་པ་ཞིག་གི་ཐོག་ནས་སྤེལ་རྒྱུ་དེ་གལ་ཆེན་པོར་གྱུར་ཡོད། ལྷག་པར་དུ་ད་ལན་གྱི་བརྙན་ཐུང་འདི་གོ་སྐབས་ཤིག་ཏུ་བརྩིས་ནས་ཁྱབ་སྤེལ་བྱེད་མཁན་སོགས་ཀྱི་རྒྱབ་ཏུ་རྒྱ་དམར་གཞུང་གི་ཤུགས་རྐྱེན་ཡོད་པ་དེ་གསལ་པོར་གྱུར་ཡོད་པས། རྒྱ་དམར་གཞུང་གིས་རྒྱ་གར་གྱི་གསར་ལམ་ཁག་ཏུ་བོད་དོན་འཐབ་རྩོད་དང་འབྲེལ་བའི་དོན་དངོས་ཡོད་གནས་ཚུལ་འགོད་སྤེལ་མི་ཡོང་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་བཞིན་པར་རམ་འདེགས་སུའང་འགྱུར་སྲིད་པ་རེད། གོང་གསལ་གནས་ཚུལ་དེ་དག་ལ་བརྟེན་གཞུང་སྒེར་གཉིས་ངོས་ནས་བསམ་བློ་དང་འཆར་གཞི་ཡོད་དགོས་པ་ཞིག་ཏུ་གྱུར་ཡོད།
མདོར་ན་བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ནུས་པ་གང་ཡོད་ཀྱིས་སྤེལ་དགོས་པ་ལས། གཞན་རང་དབང་ལུང་པར་ཡོད་པའི་རྒྱལ་ཁབ་ཁག་གི་ཆབ་འབངས་མི་སེར་གྱིས་ཐོབ་ཐང་ལེན་སྟངས་གང་མཐོང་བ་ཚང་མ་ང་ཚོས་བླངས་ནས་ཕན་ཐོགས་ཡོད་མེད་བལྟ་དགོས། ད་ལན་གྱི་ལས་འགུལ་འདི་ནི་བཙན་བྱོལ་བོད་མི་རྣམས་ལ་བཟོད་དཀའ་བའི་སེམས་ཚོར་ཆེན་པོ་ཞིག་བྱུང་བ་ལ་བརྟེན་ནས་བྱུང་ཡོད་པས། རྒྱུ་མཚན་གཞན་དག་དང་འདྲ་མཚུངས་ཤིག་གཏན་ནས་མིན་ཡང་། རྩ་བས་ཕྱོགས་ཡོངས་ལ་བསམ་བློ་བཏང་ན་‘འགྲོ་ཞིམ་བུ་ལས་མཁས། སྡོད་རི་བོང་ལས་ཙོག’ཅེས་པ་ལྟ་བུ་ཞིག་བྱེད་མ་ཐུབ་པར། རང་དབང་ཅན་གྱི་རྒྱལ་ཁབ་སོ་སོའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆབ་འབངས་རྣམས་ཀྱི་བྱེད་སྟངས་ལ་བལྟས་ནས་ལས་འགུལ་སྤེལ་མི་རུང་བར། ང་ཚོའི་སྒྲིག་འཛུགས་ཀྱི་གནས་བབས་དང་། ང་ཚོའི་སྤྱི་ཚོགས་ཀྱི་གནས་བབས། གཙོ་བོ་ང་ཚོའི་ཕྲག་ཏུ་བབས་པའི་བོད་དོན་འཐབ་རྩོད་ཀྱི་གནས་བབས་བཅས་ཕྱོགས་ཡོངས་ནས་བསམ་བློ་གཏོང་དགོས་སྙམ།།