ད་ལྟའི་ཆར་རྒྱ་དཀར་ནག་བར་མགོ་རྙོག་ཅན་གྱི་རྩོད་པ་ཞིག་ཐུག་གི་ཡོད་པ་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་གསུངས་འདུག
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་གསུངས་དོན་ལ་སྤྱི་བཏང་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་དེ་མགོ་རྙོག་ཅན་ཞིག་ཡིན་པ་དང། དམིགས་བསལ་འདས་པའི་ལོ་གསུམ་ནང་མངོན་གསལ་དོད་པོའི་མགོ་རྙོག་ཅན་ཞིག་ལ་གྱུར་ཡོད་པར་གསུངས་འདུག

ཕྱི་ཟླ་༥ ཚེས་༢༨ ཉིན་རྒྱ་གར་གྱི་(Wion) གསར་ཁང་གིས་གནས་ཚུལ་ལྟར་ན། ད་ཆར་རྒྱ་དཀར་ནག་བར་གྱི་འབྲེལ་བ་དེ་སྔར་དང་མི་འདྲ་བར་མགོ་རྙོག་ཅན་གྱི་འབྲེལ་བ་ཞིག་ལ་གྱུར་ཡོད་པ་དང། འདས་པའི་ལོ་གསུམ་ནང་རྒྱ་གར་ལ་དམིགས་བསལ་གྱིས་ས་མཚམས་སུ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་རྒྱ་གར་ཕྱི་སྲིད་བློན་ཆེན་ཇིར་ཤང་ཀར་གྱིས་( S Jaishankar) གསུངས་ཡོད་འདུག ཁོང་གིས་གསུངས་དོན་ལ་རྒྱལ་ཁབ་གཉིས་ཀྱི་དཀའ་ངལ་དེ་རྒྱལ་ཁབ་ཕྱོགས་གཉིས་ཀས་ཕན་ཚུན་ཐུན་མོང་ཐོག་ནས་སེལ་ཐབས་བྱེད་དགོས་པ་ལས་ཕྱོགས་གཅིག་གཅིག་པུས་སེལ་ཐུབ་ཐབས་མེད་པ་དང། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ལ་དོ་ཕོག་བྱུང་བ་ན་ས་མཚམས་སུ་ཞི་བདེ་མེད་པ་ནི་བཤད་མ་དགོས་པ་རེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་མུ་མཐུད་ནས་བརྗོས་དོན་ལ། ང་ཚོས་ད་ཆར་རྒྱལ་ཁབ་སོ་སོའི་སྟོབས་ཤུགས་དང་བདེ་འཇགས་སྐོར་བཤད་དུས་རྒྱ་ནག་གིས་རྒྱ་གར་ལ་མགོ་རྙོག་ཅན་གྱི་དཀའ་ངལ་ཞིག་སྤྲོད་བཞིན་ཡོད་པ་དང་། དམིགས་བསལ་ལ་དྭགས་ས་མཚམས་སུ་མངོན་གསལ་དོད་པོའི་ཐོག་ནས་དཀའ་ངལ་སྤྲོད་བཞིན་ཡོད་པ་རེད།
དེ་སྔོན་རྒྱལ་ཁབ་སོ་སོའི་ངོས་ནས་དཀའ་ངལ་སེལ་ཐབས་ཐེངས་མང་བྱས་ཡོད་ཀྱང་ད་བར་དོན་ཕན་དེ་ཙམ་བྱུང་མེད་པར་བརྟེན། མ་འོངས་པར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བསམ་གཞིགས་དང། གུས་བཀུར་ཡོད་པའི་ཐོག་ནས་འབྲེལ་ལམ་ཞིག་འཛུགས་ཐུབ་ན་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་དང། རྒྱ་གར་གྱིས་ཀྱང་རྒྱ་ནག་ལ་བརྩི་མཐོང་དང་གུས་བཀུར་བྱེད་རྒྱུ་ཡིན། གལ་སྲིད་རྒྱ་ནག་གིས་རྒྱ་གར་གྱི་མངོན་འདོད་མ་བརྩིས་པ་དང། རྒྱ་གར་གྱི་མངོན་འདོད་སྣང་མེད་དུ་བཏང་ན། ངའི་བསམ་ཚུལ་ལ་ང་ཚོ་ཡང་སོ་སོའི་མངོན་འདོད་ཆེད་དུ་ལང་གི་རེད་ལ། རང་གི་ཐོབ་ཐང་རང་གིས་སྲུང་སྐྱོབ་བྱེད་དགོས་ཀྱི་རེད། ད་ལྟའི་སྲིད་བློན་མོ་དྷི་ཡིས་འགོ་ཁྲིད་པའི་རྒྱ་གར་གཞུང་དང་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལ་དང་། བལ་ཡུལ། འབྲུག་ཡུལ་བཅས་ལ་འབྲེལ་ལམ་ཡག་པོ་ཡོད་པ་དང། རྒྱལ་ཁབ་དེ་དག་དང་ལྷན་དུ་གཞུང་ལམ་དང། མེ་འཁོར། མཚོ་ལམ། དེ་བཞིན་གློག་བཅས་ཀྱི་རོགས་རམ་བརྒྱུད་ཕན་ཚུན་འབྲེལ་ལམ་ཡག་པོ་ཆགས་ཡོད།
ཤི་རི་ལན་ཁ་ལྟ་བུ་མཚོན་ན་ལོ་སྔོན་མར་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོའི་ནང་ལྷུང་ཡོད་པའི་སྐབས་སུ་རྒྱ་གར་གྱིས་དང་དུ་བླངས་ནས་དཔལ་འབྱོར་ཐོག་རོགས་རམ་ཆེན་པོ་བྱས་ཡོད་པ་དང། འཛམ་གླིང་དངུལ་ཁང་གིས་ཤི་རི་ལན་ཁར་རོགས་རམ་བྱས་པ་དང་རྒྱ་གར་གྱིས་རོགས་རམ་བྱས་པ་གཉིས་བསྡུར་ན་རྒྱ་གར་གྱིས་རོགས་རམ་ལྡབ་མང་པོས་མང་བ་བྱས་ཡོད་པར་གསུངས་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།