ད་ལྟའི་ཆར་རྒྱ་ནག་ནང་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་གཅིག་ཀྱང་ལྷག་མེད་འདུག 

ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གཉིས་བར་འགལ་ཟླ་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་ནང་དུ་ཨོ་སི་ཀྲོ་ལི་ཡའི་གསར་ཁང་ཁག་གི་གསར་འགོད་པ་མཐའ་མ་གཉིས་དེ་ཡང་ཕྱིར་རྒྱལ་ཁབ་དུ་བདེ་འཇགས་ཀྱི་སེམས་འཚབ་འོག་ལོག་ཐུབ་པ་བྱུང་འདུག

ཟླ་༩ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༣ གྱི་མཚན་མོར་ པེ་ཅིང་དུ་ཡོད་པའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་ཞིག་དང་། ཧྲང་ཧེ་རུ་ཡོད་པའི་གསར་འགོད་པ་གཞན་ཞིག་གི་ཁྱིམ་དུ། རྒྱ་ནག་གི་བདེ་སྲུང་མི་སྣ་བདུན་རེ་སླེབས་ནས། རྒྱ་ནག་ནས་ཐོན་ཆོག་གི་མེད་པའི་བརྡ་ལན་སྤྲད་ཡོད་འདུག དེའི་རྗེས་སུ་གསར་འགོད་པ་དེ་གཉིས་ཀྱིས་ཨོ་སི་ཀྲོ་ལི་ཡའི་གཞུང་ཚབ་ཁང་དང་དོན་གཅོད་ཁང་དུ་ཕྱིན་ནས་ཉེན་གཡོལ་བྱེད་དགོས་འཁེལ་ཡོད་འདུག་པ་དང་། ཨོ་སི་ཀྲོ་ལི་ཡ་གཞུང་གིས་རྒྱ་ནག་དང་གྲོས་མོལ་བྱས་རྗེས། བདེ་སྲུང་མི་སྣས་གསར་འགོད་པ་དེ་གཉིས་ལ་འདྲི་རྩད་བྱས་ཏེ་རྒྱ་ནག་ནས་འགྲོ་རུ་བཅུག་ཡོད་འདུག 

དེ་ཡང་རྒྱ་ནག་གི་བདེ་སྲུང་མི་སྣས་གསར་འགོད་པ་དེ་གཉིས་ལ། ཉེ་ཆར་འཛིན་བཟུང་བྱས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཞིག་གི་གཙོ་སྐྱོང་བ་དང་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་ཞིག་དང་འབྲེལ་ནས་འདྲི་རྩད་བྱས་ཡོད་འདུག 

གསར་འགོད་པ་དེ་གཉིས་ཨོ་སི་ཀྲོ་ལི་ཡར་འབྱོར་རྗེས། བརྒྱུད་ལམ་ཁག་ཏུ་གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ་རྒྱ་ནག་ནས་ཐོན་དགོས་བྱུང་བ་དེར་བློ་ཕམ་དང་སེམས་འཚབ་བྱུང་སྐོར་བརྗོད་འདུག གསར་འགོད་པ་དེ་གཉིས་རྒྱ་ནག་ནས་ཕྱིར་ཐོན་བའི་རྗེས་སུ། ད་ལྟའི་ཆར་རྒྱ་ནག་ནང་ཨོ་སི་ཀྲོ་ལི་ཡའི་གསར་ཁང་ཁག་གི་གསར་འགོད་པ་གཅིག་ཀྱང་ལྷག་མེད་པ་དང་། གནས་སྟངས་དེ་འདྲ་ཞིག་ཕྱི་ལོ་༡༩༧༠ དོན་གྲངས་ནང་ཐེངས་གཅིག་མ་གཏོགས་བྱུང་མྱོང་མེད་འདུག 

ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཐོག་ལ་རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། ཧོང་ཀོང་ནང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་ཡང་དགག་པ་བརྒྱབ་ཡོད་པས། རྒྱ་ནག་གིས་ཨོ་སི་ཀྲོ་ལི་ཡ་ནས་གླང་ཤ་ནང་འདྲེན་བཀག་འགོག་བྱས་པ་སོགས་རྒོལ་ལན་བསློགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།