དཀའ་རྙོག་སེལ་བའི་དབུ་མའི་ཐབས་ལམ།

བོད་བཙན་པོའི་བུ་བརྒྱུད།

ཐོག་མར་སུས་ནོར་མིན་ལ་མ་ལྟོས་པར་ཆེ་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་རྒྱུན་ལས་གཉིས་ཀྱི་བཅའ་ཁྲིམས་ཀྱི་དགོངས་པ་འགྲེལ་ཕྱོགས་མི་མཐུན་པ་ལས་བྱུང་བའི་དཀའ་རྙོག་འདི་ད་ལྟ་རྒྱུན་སྲིང་གནས་ནས་ཆེ་རུ་མ་གཏོགས་ཆུང་དུ་མ་སོང་བར་ཞི་ཐབས་མེད་པའི་འཚམས་འདིར། ཕྱོགས་གཉིས་ཀས་མུ་མཐུད་མཁྲེགས་བཟུང་བྱས་ན། བོད་མིའི་སྒྲིག་འཛུགས་ཀྱི་དགོས་དམིགས་བོད་ཀྱི་བདེན་དོན་དང་བོད་མི་དམངས་ཀྱི་བདེ་དོན་བསྒྲུབ་རྒྱུ་ལ་རྒྱབ་ཀྱི་ཕྱོགས་པར་འགྱུར། དེས་ན་འདིར་ལྷག་བསམ་ཟོལ་མེད་ཀྱིས་ཕྱོགས་གཉིས་ཀ་ནས་གུ་ཡངས་བྱ་ནུས་ཤིང་། བཅའ་ཁྲིམས་དང་མི་འགལ་བའི་ཐབས་ལམ་ཞིག་གཤམ་དུ་བཏོན་ཡོད་པས། བོད་མི་རྩམ་ཟན་ཡོངས་ཀྱིས་བོད་མིའི་ཆིག་སྒྲིལ་ལ་དགོངས་ཏེ་འདི་ལ་རྒྱབ་སྐྱོར་ཡོང་བ་ཞུ།

རྩོད་རྙོག་གི་འབྱུང་རིམ་སྙིང་བསྡུས།

༡) དེ་ཡང་སྤྱིར་ནད་ཡམས་ཀྱི་སྐབས་འདིར་མིའི་སྲོག་ལ་ཉེན་ཁ་ཡོད་པ་སོགས་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་ཚོགས་ཀྱི་ཚོགས་འདུ་ཕར་འགྱངས་གནང་བ་དེ་ཁྲིམས་མཐུན་ཡིན་མིན་ཇི་ལྟར་རུང་། དེ་སྐབས་བབས་ཀྱི་དགོས་མཁོ་ལ་དགོངས་པ་ཡིན་པས། ཁྲིམས་དཔོན་རྣམས་ཀྱིས་སྐབས་དེར་ཉེན་བརྡ་ཞིག་བཏང་ནས་ཉེས་པ་དག་པར་གནང་ན་བར་ལམ་རྙོག་དྲ་འདི་ཙམ་བྱུང་དོན་མེད། དེས་ན་དེ་དུས་ཁྲིམས་ཀྱི་ཉེས་ཆད་བཀལ་བ་དེ་ནོར་བ་དང་པོ་ཡིན།

༢) སྤྱིར་སྤྱི་འཐུས་རྒྱུན་ལས་རྣམས་ཀྱིས་རང་ཉིད་ཀྱི་འདེམས་བྱེད་ལན་གཅིག་ཁོ་ན་འཕྲོག་པ་དེ་ལ་ནང་སེམས་པས་ལྕོགས་ན་དེ་ཙམ་མི་བཟོད་པ་བྱེད་དགོས་དོན་མེད་ཅིང། སྐབས་དེར་ཁྲིམས་ཞིབ་པ་རྣམ་པས་ནོར་ཡོད་པའི་དབང་དུ་བཏང་ན་ཡང་། ཉེས་པ་ཆེ་ཆུང་ལ་དཔག་པའི་ཉེས་ཆད་བཀལ་དགོས་པ་ནི་ཆོས་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་འགྲོ་ལུགས་ཡིན། འོན་ཀྱང་སྡེབ་གཅིག་ལ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པ་དེ་ནོར་བ་གཉིས་པ་ཡིན།

དེ་དག་ནི་ཕྱོགས་གཉིས་ཀས་ཕན་ཚུན་བསམ་ཤེས་དང་དངོས་ཡོད་གནས་ཚུལ། བཅའ་ཁྲིམས་ཀྱི་དགོས་དམིགས་མ་བསམས་པ་ཡིན་པས། དེའི་དབང་གིས་བོད་མིའི་ཁྲོད་དུ་སེམས་ཚབས་ཚད་ལས་བརྒལ་བ་བཟོས་ཡོད།

༣) དེ་ནས་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་གསར་བཙུགས་ཀྱིས་ཁྲིམས་ཞིབ་པ་གསུམ་བསྐོ་རྒྱུ་དང་། གྲོས་ཚོགས་འཕར་མ་འཚོགས་རྒྱུར་ཁྲིམས་མཐུན་ཡིན་མིན་ལ་ལྟོས་མེད་ཀྱིས་ཐབས་ཤེས་ཡོད་དགུ་བྱས་ཀྱང་། ལམ་དུ་མ་སོང་བ་ནི་བྱ་ཐབས་བྲལ། སྤྱི་འཐུས་རྣམས་ཕྱོགས་གཉིས་སུ་གྱེས་ཟིན་པས། ཅི་སྟེ་དེ་དུས་གྲོས་ཚོགས་ཚོགས་ཐུབ་ན་ཡང་གྲུབ་འབྲས་གང་ལེགས་ཡོང་རྒྱུ་ནི་ཁག་པོར་གྱུར་ཡོད།

༤) སྐབས་༡༦ སྤྱི་འཐུས་ཀྱི་ཁྲིམས་ཞིབ་པ་གསར་པ་གསུམ་འདེམས་རྒྱུའི་ཐབས་ཤེས་བྱས་ཀྱང་དོན་དག་ཡེ་ནས་མ་བསྒྲུབས་མཚམས། མི་དམངས་ཀྱི་མངོན་འདོད་དང་བསྟུན་དྭགས་པོ་བསོད་ནམས་ནོར་བུ་ལགས་སོགས་ཁྲིམས་ཞིབ་པ་གསུམ་གྱིས་ལས་བཤོལ་བ་མ་གཏོགས་ལས་མཚམས་བཞག་མེད་པར་གསུངས་ཏེ། ལས་འཁུར་མུ་མཐུད་བསྐྱངས་པ་དེ། ཕྱོགས་གཅིག་ནས་སྤྱི་དོན་ལ་བསམ་ཤེས་གནང་བ་ཞིག་གཏན་གཏན་ཡིན་སྲིད་ཀྱང་། དེས་སྐབས་༡༦ པའི་རྒྱུན་ལས་ཕལ་ཆེ་དང་། ཁྱད་པར་མདོ་སྟོད་དང་ཆོས་ལུགས་ཀྱི་སྤྱྲི་འཐུས་རྣམས་བློ་མ་ཚིམས་པར་གྱུར་ཡོད།

༥) སྤྱིར་འཕོ་འགྱུར་གཏོང་མཁན་གྱི་སྐབས་༡༦ པའི་སྤྱི་འཐུས་འོས་འཕངས་མཁན་ཁྲོད་ནས་མདོ་སྨད་དང་དབུས་གཙང་གི་སྤྱི་འཐུས་འགའ་ཞིག་གིས་གྲོས་ཆོད་༣༩ དེ་ནོར་བར་ཁས་བླངས་ཀྱང་། མདོ་སྟོད་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཆ་ཚང་། ཚོགས་གཙོ་ཚོགས་གཞོན་གཉིས་དང་དབུས་གཙང་གི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་སོགས་ཀྱིས་དེ་ནོར་བར་ཁས་བླངས་མེད།

ད་ལྟ་སྐབས་༡༧ པའི་སྤྱི་འཐུས་སུ་སྔར་གྱི་ཆོས་ལུགས་སྤྱི་འཐུས་རྣམས་རང་འཇགས་འདེམས་ཐོན་བྱུང་ཡོད་པ་དང་། དེ་བཞིན་མདོ་སྟོད་སྤྱི་འཐུས་རྣམས་ཀྱང་ཕལ་ཆེར་རང་འཇགས་སླེབས་ཡོད། སྤྱིར་སྐབས་བཅུ་༡༦ པའི་སྤྱི་འཐུས་ཀྱིས་གྲོས་ཆོད་༣༩ རྒྱུན་སྐྱོང་བྱེད་ཐབས་བྲལ་སོང་ཞེས་གསལ་བསྒྲགས་བྱས་ཟིན་ཀྱང་མུ་མཐུན་ཁྲིམས་དཔོན་གསུམ་ལ་ངོས་ལེན་མེད་པར་བསྙད་དེ། དེ་དག་གིས་བར་བརྒལ་ཚོགས་གཙོར་ངོས་ལེན་མ་བྱས་པ་མ་ཟད། བཅའ་ཁྲིམས་དང་མི་མཐུན་པར་༧རྒྱལ་བའི་སྐུ་དཔར་གྱི་མདུན་དུ་དམ་བཅའ་བྱེད་རྒྱུ་མཐར་བཀར་ཡོད། དེ་ལ་སྤྱི་འཐུས་གཞན་རྣམས་དང་། འོས་བསྡུ་ལྷན་ཁང་། ཕྱོགས་གཞན་གྱི་མི་དམངས་ནས་མོས་མཐུན་བྱེད་ཐབས་བྲལ། དེས་ན་སྤྱི་དོན་ལ་མཐུད་ཤོར་ཆེན་པོ་ཤོར་ལ་ཉེ་བའི་མཚམས་འདིར་ཁྲིམས་དཔོན་གསུམ་(ཀ་སྡེ) དང་། འདེམས་ཐོན་སྤྱི་འཐུས་༢༢ (ཁ་སྡེ) ལ་གཉིས་ཕན་གྱི་ཐབས་ལམ་གཤམ་ལྟར་འདོན་རྒྱུ་ཡིན།

སྤྱི་སྨན་གྱི་ཐབས་ལམ་དབུ་མ།

དེ་ཡང་བཅའ་ཁྲིམས་དང་མི་འགལ་བ། ༧རྒྱལ་བ་རིན་པོ་ཆེ་ཐུགས་བསུན་པོ་བཟོ་མི་དགོས་པ། འདེམས་ཐོན་སྤྱི་འཐུས་རྣམས་ཀྱང་དམ་འབུལ་ཞུ་ཐུབ་པ། མི་དམངས་ཀྱི་ཆིག་སྒྲིལ་མ་འཐོར་བ་བཅས་ཀྱི་དགོས་པ་ཆེན་པོ་ཡོད་པས་ཕྱོགས་གཉིས་ཀས་དགོངས་བཞེས་གནང་རོགས།

༡) ཐོག་མར་ཁྲིམས་ཞིབ་པ་ཆེ་བ་མ་གཏོགས་པའི་ཁྲིམས་ཞིབ་པ་གཞན་གཉིས་ཀྱིས་རང་འཚམས་ཀྱིས་ཁྲིམས་ཞིབ་པའི་ལས་སྣེ་ལས་དགོངས་ཞུ་གནང་དགོས། ཀ་སྡེའི་གུ་ཡངས་དང་པོ།

༢) དེ་ནས་བར་བརྒལ་ཚོགས་གཙོ་ནི་སྐབས་༡༦ པའི་རྒྱུན་ལས་ཀྱིས་བསྐོས་ཟིན་ཅིང་། དེས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའ་ཡང་བཞག་ཟིན་པས། དེའི་དྲུང་དུ་བདམས་ཐོན་སྤྱི་འཐུས་ཉེར་གཉིས་ཀྱིས་དམ་འབུལ་གནང་རོགས། ཁ་སྡེའི་གུང་ཡངས་དང་པོ།

༣) དེ་ནས་ཁྲིམས་མཐུན་གྱིས་ཚོགས་གཙོ་ཚོགས་གཞོན་གཉིས་བདམས་ནས་དེ་གཉིས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་འབུལ་གནང་རོགས། ཁ་སྡེའི་གུ་ཡངས་གཉིས་པ།

༤) དེ་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ལས་སྣེ་ནས་རང་འཚམས་ཀྱིས་དགོངས་ཞུ་འབུལ་དགོས། ཀ་སྡེའི་གུ་ཡངས་གཉིས་པ།

༥) དེའི་རྗེས་གྲོས་ཚོགས་སུ་བཀའ་བློན་གྱི་བསྐོ་བཞག་སོགས་ཚར་བ་དང་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་སྐོས་རོགས། ནུས་པ་མཉམ་སྤུངས།

༦) དེ་ནས་བདམས་ཐོན་ཁྲིམས་ཞིབ་པ་ཆེ་བ་དེས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་ལགས་ཀྱི་དྲུང་དུ་དམ་བཅའ་ཕུལ་ནས་འཚམས་དེར་དྭགས་པོ་ལགས་དགོངས་པ་གྲོལ་བ་གནང་དགོས། ཆིག་སྒྲིལ་སོར་ཆུད་པ།

དེ་ཡང་ཁྲིམས་ཞིབ་པ་གསུམ་གྱིས་མི་དམངས་ཀྱིས་ཡར་ལངས་ཤིག་ཟེར་ན་ལངས་རྒྱུ་དང་། མར་སྡོད་ཤིག་ཟེར་ན་སྡོད་རྒྱུ་ཡིན་ཞེས་གསུངས་པ་དེ་བདེན་ན། འདིར་དགོངས་པ་ཞུ་ཡ་དེ་བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་གནང་བར་འགྱུར་བས་དེ་གཟི་བརྗིད་ལས་སྐྱོན་དུ་ནམ་ཡང་མི་འགྱུར། སྤྱིར་ཁྲིམས་ཞིབ་པ་གསུམ་ལས་ལུང་རྟོགས་ལགས་མ་གཏོགས་གཞན་གཉིས་རང་ལོ་༦༥ཟིན་ལ་ཉེ་བས། ཟླ་བ་ཁ་ཤས་ནས་དགོངས་པ་ཞུ་དགོས་པས་དེ་ཙམ་གྱིས་སྐྱོན་ཆ་ཆེན་པོ་མེད། ཁྲིམས་ཞིབ་པ་ལུང་རྟོགས་ལགས་དགུང་གྲངས་༥༠་ཙམ་ཡིན་པས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་ནམ་དྲུང་ཆེ་དང་གནས་རིམ་མཚུངས་པའི་ལས་སྣེ་ཞིག་འབུལ་རྒྱུའི་དགོངས་བཞེས་གནང་དགོས། དེ་ཡང་བཅའ་ཁྲིམས་དོན་ཆན་༦༣ནང་ཚན་༥ལས་ཆེ་མཐོའི་ཁྲིམས་ཞིབ་པ་ལས་འཁུར་ནས་རྒས་ཡོལ་ཐོན་ཟིན་པའམ་འཕོ་གྱུར་བྱས་པའི་སྐྱེས་བུ་སུ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁེ་ཡོད་ལས་འཛིན་དུ་གཞུག་མི་ཆོག་ཅེས་གསལ་བས། རྒས་ཡོལ་ནི་མིན་ཞིང་། དགོངས་པ་ཞུས་པ་ལས་འཕོ་འགྱུར་བྱས་པའམ་མིན་པས། དེ་ལྟར་དགོངས་བཞེེས་གནང་ན་བཅའ་ཁྲིམས་དང་མི་འགལ་བ་ཡིན། དེ་བཞིན་ཁྲིམས་ཞིབ་པ་གཞན་གཉིས་ལ་ཡང་དེ་ལྟ་བུའི་དགོངས་བཞེས་གནང་ན་ཡང་མི་འགྲིག་པ་གཏན་ནས་མེད།

རང་རྒྱལ་གཞན་ཕམ་གྱི་བསམ་པ་དེ་རེ་ཞིག་འདོར་ནས་ཚང་མས་དགོངས་པ་ཆེ་བཞེས་གནང་ན་འདི་བསྒྲུབ་མི་ནུས་པའི་ཐབས་ལམ་ཞིག་གཏན་ནས་མིན་པས་བོད་སྤྱི་པའི་དོན་དུ་ཚང་མས་མཐུན་པ་གནང་རོགས མདོར་ན་ཁྲིམས་དཔོན་རྣམས་འཕོ་གྱུར་བཏང་བའི་མཐའ་དང་། ཡང་གོ་གནས་ལ་མུ་མཐུད་གནས་པའི་མཐའ་གཉིས་དང་བྲལ་བའི་དབུས་ཀྱི་ཐབས་ལམ་ཞིག་བསྟན་ཡོད་པས། ཕྱོགས་གཉིས་ཀ་དང་། མི་དམངས་རྣམ་པས་བོད་སྤྱི་པར་དགོངས་པ་ཆེ་བཞེས་ཀྱིས་མོས་མཐུན་གནང་རོགས་ཞེས་ཞུ་རྒྱུ་ཡིན།

བཅའ་ཁྲིམས་དང་འགལ་ཡང་དགོས་དབང་གིས་ཐབས་ལམ།

ཡང་ན་༧རྒྱལ་བའི་སྐུ་དཔར་གྱི་མདུན་དུ་དམ་འབུལ་གནང་ན་དེ་བཅའ་ཁྲིམས་དང་མི་མཐུན་ཀྱང་། དེ་ལ་དམིགས་བསལ་བཏང་ནས་གཞུང་དམངས་གཉིས་ཀས་གུ་ཡངས་གནང་དགོས། དེའི་ཆ་རྐྱེན་དུ་འདེམས་ཐོན་སྤྱི་འཐུས་ ༢༢ ཀྱིས་གྲོས་ཆོད་ ༣༩ དང་འབྲེལ་བའི་སྐོར་གླེང་སློང་མི་བྱེད་པའི་ཁས་ལེན་བྱེད་དགོས།

ཆོས་རྒྱལ་མེས་དབོན་དུས་ནས་བཟུང་། །

ལས་ཀྱིས་འབྲེལ་བའི་བོད་རིགས་ཚོ། །

རང་ཡུལ་གཞན་གྱིས་བཙན་བཟུང་སྐབས། །

ཆུང་ས་གཏོང་ལ་ཆེ་སར་རྩོད། །

ནང་ཁོངས་མ་རྩོད་བོད་དོན་རྩོད། །

རྩོད་ཅིང་མ་སྡོད་མཐུན་ཐབས་འཚོལ།

རང་ཕྱོགས་ཙམ་མིན་གཞན་ཕྱོགས་སོམས། །

བསམས་རྗེས་གཉིས་ཕན་དོན་ལ་སྤུངས། །

བོད་བཙན་པོའི་བུ་བརྒྱུད་ཀྱིས་སྤེལ་བ་དགེའོ། ། ཕྱི་ལོ། ༢༠༢༡ ཟླ་༦ ཚེས་༡༡ ལ། །

མཚན་འཁོད་རྩོམ་ཡིག་ཁག་འདི་ཀ་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།