དཀར་མཛེས་ལམ་བྲག་རིན་པོ་ཆེ་དགོངས་པ་རྫོགས་པ།
ཉེ་ཆར་བོད་ཁམས་དཀར་མཛེས་བཤད་སྒྲུབ་ནོར་བུ་གླིང་གི་དགོན་བདག་ལམ་བྲག་རིན་པོ་ཆེ་མཆོག་གཟིམ་ཤག་ཏུ་དགོངས་པ་རྫོགས་འདུག ཁོང་གི་མཛད་རྣམ་སྐོར་བོད་ནང་གི་བཅར་འདྲི་ཞིག་ཏུ་གསལ་བ་ལྟར་ན། ཁོང་དུས་རབས་༢༠ པའི་འགོ་སྟོད་དུ་བོད་ཤར་ཕྱོགས་ཁམས་དཀར་མཛེས་སུ་སྐུ་འཁྲུངས་ཤིང་། བོད་རྒྱ་ནག་གིས་བཙན་བཟུང་བྱས་རྗེས་ཁོང་རྒྱ་གར་རྡ་རམ་ས་ལར་ཕེབས་ནས་ལོ་གཉིས་ཙམ་དེར་བཞུགས། དེ་ནས་སུད་སི་ལ་ཕེབས་ནས་མི་ལོ་༢༢ ཙམ་བཞུགས་རྗེས་ཕྱིར་བོད་ལ་ཕེབས་ནས། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་ཚབ་གནང་སྟེ་ཕྱིའི་རྒྱལ་ཁབ་མང་པོ་ལ་ཕེབས་མྱོང་འདུག་ཅིང་། དེ་བཞིན་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་སྲུང་ཐད་མཛད་འགན་བཞེས་མྱོང་ཡོད་འདུག

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༩ ཉིན་བོད་ནང་ལམ་བྲག་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ཡོད་འདུག་ཅིང་། ལམ་བྲག་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་གྲུབ་དབང་བྱམས་པ་མཁས་གྲུབ་ནི་ཕྱི་ལོ་༡༩༣༣ ཟླ་༨ ནང་མདོ་ཁམས་ཏྲེ་ཧོར་དཀར་མཛེས་འབུ་ཆུ་ངང་པ་ལྟག་ཚང་དུ་ཡབ་དགེ་འདུན་རྒྱ་མཚོ་དང་། ཡུམ་པདྨ་མཁའ་འགྲོ་གཉིས་ཀྱི་སྲས་སུ་འཁྲུངས། ཕྱི་ལོ་༡༩༣༦ ལོར་ཕུར་ལྕོག་བྱམས་མགོན་རིན་པོ་ཆེས་ལམ་བྲག་སྐུ་གོང་མའི་སྤྲུལ་སྐུར་ངོས་འཛིན་དང་ཁྲི་སྟོན་གནང་། དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་ཕུན་ཚོགས་ཡོངས་འཛིན་དུ་བསྟེན། སྐབས་དེ་དུས་རྭ་སྒྲེང་རིན་པོ་ཆེས་བོད་ཀྱི་སྲིད་དབང་འཛིན་བཞིན་པའི་སྐབས། ཁོང་ཕྱི་ལོ་༡༩༤༢ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་། ཕྱི་ལོ་༡༩༥༠ ལོར་རང་ཡུལ་དུ་ཕེབས་ནས་གཟིགས་རྟོག་མཛད། དེ་རྗེས་རྒྱ་ནག་གི་ས་ཆ་མང་པོ་ཞིག་ལ་ཕེབས་ནས་ལྟ་སྐོར་དང་། ཕྱི་ལོ་༡༩༥༦ ལོར་དབུས་སུ་ཕེབས་ནས་རིམ་གྱིས་རྒྱ་གར་དུ་འབྱོར་ཏེ་རྡོ་རྗེ་གླིང་དུ་ལོ་གཅིག་ཙམ་བཞུགས། བཞུགས་སྒར་རྡ་སར་ཕེབས་ནས་ལོ་གཉིས་ཙམ་བཞུགས། ཕྱི་ལོ་༡༩༦༣ ལོར་༸གོང་ས་མཆོག་གི་དགོངས་བཞེད་ལྟར་སུད་སི་རྒྱལ་ཁབ་ཏུ་ཕེབས་ནས་ལོ་༢༢ ཙམ་བཞུགས།
ཕྱི་ལོ་༡༩༧༩ ལོར་རང་ཡུལ་དུ་གཉེན་འཕྲད་ལ་ཕེབས་དུས། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་ལྷ་སར་མཇལ་འཕྲད་བྱུང་། སྐབས་དེ་དུས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་ཁོང་གཉིས་བར་འབྲེལ་བ་ཐོག་མ་དེ་ནས་བྱུང་། དུས་དེ་ནས་བཟུང་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་མ་རྫོགས་བར་དུ་ཞབས་ཕྱི་ཞུས་འདུག དུས་སྐབས་དེ་དག་གི་རིང་ཕྱི་ལོ་༡༩༨༤ ལོར་༧པཎ་ཆེན་རིན་པོ་ཆེའི་དགོངས་གཞི་བཞིན་ཁོང་ཞབས་ཕྱིར་བཅར་དགོས་ཞེས་གསུངས་པ་ལྟར་ཞབས་ཕྱི་ཞུས་ཡོད་འདུག དེ་རྗེས་ཁོང་བལ་ཡུལ་རྒྱལ་པོ་དང་འབྲེལ་ལམ་འཛུགས་ཆེད་དུ་བལ་ཡུལ་ལ་བཏང་ནས་བལ་ཡུལ་རྒྱལ་པོ་དང་མཇལ་འཕྲད་གནང་། བོད་ལ་སྨན་ཁང་དང་སློབ་གྲྭ་འཛུགས་ཆེད་དུ་ཁོང་སུད་སི་ལ་བཏང་ནས་སུད་སི་རྒྱ་གྲམ་དམར་པོ་དང་འབྲེལ་བ་བྱས་ཏེ་བོད་དབུས་གཞིས་ཀ་རྩེར་སློབ་གྲྭ་ཞིག་བཙུགས། དེ་བཞིན་བོད་ནང་མི་མང་གི་དཔལ་འབྱོར་དང་འཚོ་བ་ཡར་རྒྱས་གཏོང་ཆེད། གཞིས་ཀ་རྩེར་ཀོ་བའི་བཟོ་གྲྭ་འཛུགས་དགོས་པའི་བཀའ་ལྟར། ཨི་ཊ་ལིའི་རྒྱལ་ཁབ་དང་འབྲེལ་བ་བྱས་ནས་བཟོ་གྲྭ་འཛུགས་རྒྱུའི་གྲོས་མཐུན་བཞག
ཕྱི་ལོ་༡༩༩༠ ལོར་སྐུ་སྒེར་གྱི་སྨན་ཁང་གསར་དུ་བཙུགས་གནང་། དེ་རྗེས་ཕྱི་ལོ་༡༩༩༢ ལོར་ལམ་བྲག་སློབ་གྲྭ་བཙུགས། ༧པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས་ཁོང་དཀར་མཛེས་སུ་ཕེབས་ནས་མི་རིགས་དང་རིག་གཞུང་གི་རྒྱུན་འཛིན་དང་སློབ་གསོ་གནང་བ་མ་ཟད། ཧོར་ཁོག་ཁག་དང་། རྫ་སྟོད། གསེར་རྟ། མི་ཉག ལི་ཐང་། དབུས་གཙང་སོགས་སུ་མཛད་འཕྲིན་མང་པོ་བསྐྱངས་འདུག དེ་བཞིན་༧པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་བོད་ནང་སྨན་ཁང་དང་སློབ་གྲྭ་གསར་འཛུགས། ཁོར་ཡུག་སྲུང་སྐྱོབ་ཆེད་དུ་རོགས་སྐྱོར་འཚོལ། ཨ་དཀོན་རིན་པོ་ཆེ་དང་འབྲེལ་བ་བཙུགས་ནས་བོད་ནང་རོགས་རམ་གནང་རྒྱུའི་འགོ་བཙུགས་འདུག སྐབས་དེ་དུས་ཨ་དཀོན་རིན་པོ་ཆེས་རོགས་པ་ཚོགས་པ་ཞེས་པ་ཞིག་བཙུགས་ནས་བོད་ནང་སློབ་གྲྭ་དང་སྨན་ཁང་། ཁོར་ཡུག་སྲུང་སྐྱོབ་ཐད་རོགས་རམ་རྒྱ་ཆེ་གནང་ཡོད་འདུག་ཅིང་། དེ་དུས་ལམ་བྲག་རིན་པོ་ཆེ་ནི་བོད་ནང་གི་རོགས་སྐྱོར་ཁག་ལ་བལྟ་རྟོག་གནང་མཁན་དུ་བསྐོ་བཞག་གནང་ཡོད་འདུག མདོར་ན་ཁོང་གིས་༧པཎ་ཆེན་རིན་པོ་ཆེ་དང་། ཨ་དཀོན་རིན་པོ་ཆེ་རྣམ་གཉིས་དང་ལྷན་དུ་འབྲེལ་བ་བྱུང་བ་ནས་བཟུང་དགོངས་པ་མ་རྫོགས་བར་དུ་ཕྱག་ལས་གནང་འདུག
ཉེ་ཆར་སྐུ་གཟུགས་ཅུང་མ་བདེ་བར་ཁྲིན་ཏུའུ་སྨན་ཁང་དུ་ཕེབས། ནགས་ཚང་རིན་པོ་ཆེས་བཀའ་མངགས་ལྟར་དཀར་མཛེས་དགོན་པས་གདན་ཞུ་གནང་བ་བཞིན། ཕྱི་ཚེས་༩ ཉིན་གྱི་ཞོགས་པར་ལམ་བྲག་བཙུན་དགོན་དུ་འབྱོར། ཉིན་དེའི་ཉིན་གུང་ཆུ་ཚོད་༡༢།༣༩ ཐོག་དགོངས་པ་རྫོགས་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
