དཀོན་མཆོག་མིག་དམར་རྡ་སའི་ས་གནས་འགོ་འཛིན་དུ་འོས་འདེམས་བྱུང་། 

ཟླ་༦ པའི་ཚེས་༣ ཉིན་བཞུགས་སྒར་རྡ་སའི་ས་གནས་འགོ་འཛིན་གྱི་དངོས་གཞི་འོས་བསྡུ་བྱས་ཡོད་པ་དང་། ཚེས་༤ ཉིན་རྡ་ས་ས་གནས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་འདུག 

དེ་ཡང་ལས་ཁུར་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལ་འོས་ཐོབ་གྲངས་༦༩༠ བྱུང་འདུག་པ་དང་། དཀོན་མཆོག་མིག་དམར་ལ་འོས་ཐོབ་གྲངས་༡༡༤༩ བྱུང་ནས། ཁོང་ལ་འོས་ཐོབ་གྲངས་༤༥༩ ཡི་མང་བ་བྱུང་ནས་ས་གནས་འགོ་འཛིན་དུ་འདེམས་ཐོན་བྱུང་འདུག 

འོས་ཐོབ་གསལ་བསྒྲགས་རྗེས་སུ་དཀོན་མཆོག་མིག་དམར་གྱིས་”རྡ་ས་ས་གནས་མི་མང་ཡོངས་ཀྱི་རྒྱབ་སྐྱོར་ལྷད་མེད་གནང་བ་ལ་གུས་པའི་སྙིང་དབུས་ནས་ཐུགས་རྗེ་ཆེ་གྲངས་འདས་ཞུ་རྒྱུ་དང་སླད་ཕྱིན་ལོ་གསུམ་རིང་྄༧སྤྱི་ནོར་གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དགོངས་དང་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ལམ་སྟོན་བཞིན། རང་ཉིད་ཀྱི་ནུས་པ་གང་ཡོད་ཀྱིས་མི་མང་དོན་དུ་ལྷག་བསམ་ཟོལ་མེད་ཀྱི་བདེ་སྡུག་སེལ་ཐབས་བྱ་རྒྱུ་དམ་བཅའ་གཙང་མ་ཡོད།” ཅེས་གསུངས་འདུག

དེ་ཡང་དཀོན་མཆོག་མིག་དམར་ནི་བོད་མངའ་རིས་སྤུ་ཧྲེང་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་བ་ཞིག་ཡིན་པ་དང་། འཛིན་རིམ་བཅུ་གཉིས་བར་བོད་ཁྱིམ་གོ་པལ་པུར་དུ་སློབ་གཉེར་བྱས་རྗེས། ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཆབ་སྲིད་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཡོད་པ་རེད། ཕྱི་ལོ་༢༠༡༧ ལོར་བོད་ཀྱི་ཐེབས་རྩའི་ལས་ཁུངས་སུ་ཆོད་གན་ཐོག་ནས་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༨ ནས་༢༠༢༢ བར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་སུ་རོགས་ཚོགས་ཀྱི་དྲུང་ཡིག་ལས་ཁུར་ཞུས་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།