དཀྲོག་གཏམ་དང་དོན་དངོས་ཀྱི་རྒྱབ་སྐྱོར།

སྤྱི་ཚོགས་གང་ཡིན་ཡང་རྩོད་རྙོག་ཆེ་ཆུང་སྣ་ཚོགས་ཤིག་ཡོང་སྲིད་པ་མ་ཟད། སྐབས་རེ་མི་རིགས་དང་མི་རིགས་ཀྱི་དབར་དང་། གཞུང་གི་ལས་སྣེ་དང་མི་མང་དཀྱུས་མ། ཕྱུག་པོ་དང་དབུལ་པོ། གསར་འབྱོར་དང་རྙིང་འབྱོར་སོགས་རྒྱུན་རིང་ནས་ལྷགས་པའི་རྩོད་རྙོག་དང་། གློ་བུར་དུ་ལྷགས་པའི་རྩོད་རྙོག་སོགས་སྣ་ཚོགས་ཡོང་སྲིད་པ་མ་ཟད། དངོས་སུའང་དེ་ལྟར་ཡོང་གི་ཡོད་པ་རེད། སྐབས་དེ་དང་དེ་ལྟ་བུར་དོ་སྣང་བྱེད་མཁན་དང་ཚོར་བ་ཆེན་པོ་ཡོད་མཁན་མང་པོ་ཡོད་ཀྱང་། ཚོར་བ་སྟོན་སའི་ཁོར་ཡུག་གི་ཐོག་ནས་རང་བཙན་ཆ་ཚང་ཡོད་པའི་རྒྱལ་ཁབ་དང་། སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་གི་ཁོར་ཡུག་གཉིས་གཏན་ནས་མི་འདྲ་བ་དེ་ངེས་པར་དུ་བསམ་བློར་འཁོར་དགོས་པ་ཞིག་ཏུ་གྱུར་ཡོད། དེ་ཙམ་གྱི་བསམ་བློ་ཙམ་ཡང་གཏོང་མི་ཤེས་ན་མཁས་པའི་མིང་ཡོད་མཁན་ཡིན་ཡང་འདྲ། ཆོས་པའི་གོ་མིང་ག་རེ་ཡོད་ཀྱང་རུང་། སྲིད་དོན་པ་དང་བསམ་བློ་པ་སོགས་མིང་ག་རེ་ཡོད་ཀྱང་དོན་དངོས་སུ་བླང་དོར་གྱི་གནས་ལ་རྨོངས་པ་རང་དུ་ངོས་འཛིན་བྱེད་ཆོག ལྷག་པར་དུ་ད་ལྟའི་ཆར་རྩོད་རྙོག་གང་བྱུང་ཡང་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགན་ཁུར་གང་ཡང་མེད་པར་སྐད་ཆ་རིང་ཐུང་སྣ་ཚོགས་ཤིག་བྱུང་ནས་རྩོད་རྙོག་ཆུང་ཆུང་ནས་ཆེན་པོ་དང་། ཆེན་པོ་ནས་འགྲིག་ཐབས་མེད་པ་བཟོ་བཞིན་པ་ནི། འཛམ་གླིང་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་ཏུ་གྱུར་ཡོད་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་དཀའ་ངལ་འདི་གཅིག་སྒྲིལ་མི་ཡོང་བའི་གཞི་རྩ་གཙོ་བོར་འགྱུར་བཞིན་ཡོད། ཁག་ཅིག་གིས་སེམས་ཚོར་ཁོ་ན་ལ་བརྟེན་ནས་ལེགས་ཉེས་དབྱེ་འབྱེད་མི་བྱེད་པར་ཕྱོགས་གཅིག་ཁོ་ནར་མཆོངས་རྐྱང་དང་། ཁག་ཅིག་གིས་གནད་དོན་ཆ་ཚང་རྟོགས་ནའང་རྩོད་རྙོག་དེའི་བརྒྱུད་ནས་མི་སྒེར་ལ་ཁེ་ཕན་ག་རེ་ཡོད་མེད་བསམ་བློ་གཏོང་མཁན་ཡང་མེད་པ་མིན། ད་དུང་ཡིད་སྐྱོ་བ་ཞིག་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གནས་ཚུལ་དེ་ལྟ་བུ་བྱུང་སྐབས་གོ་སྐབས་དམ་འཛིན་གྱིས་གཅིག་སྒྲིལ་གཏན་ནས་མི་ཡོང་བའི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་ནས་རྒྱ་དམར་གཞུང་གི་འདོད་དོན་སྒྲུབ་མཁན་ཡང་ཡོད་པ་ཕལ་ཆེར་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། རྩོད་རྙོག་ཆེ་ཆུང་གང་ཡིན་ཡང་དྲང་བདེན་ཡིན་མིན་དང་། ཁྲིམས་དང་མཐུན་མིན་གྱི་གནད་དོན་སྣ་ཚོགས་ཡོད། སྐབས་སུ་བབ་པའི་གནད་དོན་དེ་ཐག་གཅོད་ཡོང་བར་མི་དང་མི་ཐུག་ནས་སྐད་ཆ་བཤད་དགོས་པའམ། ཡང་ན་མི་གཞན་བརྒྱུད་ནས་ནང་ཁུལ་ཐག་གཅོད་ཡོང་ཐབས། མ་བྱུང་ན་ཁྲིམས་ཀྱི་འགྲོ་ལུགས་བརྒྱུད་ནས་ཐག་གཅོད་ཡོང་ཐབས་བྱེད་དགོས་པ་ལས། སྤྱི་ཚོགས་དྲ་ལམ་དུ་རྒྱབ་སྐྱོར་ཡིན་མདོག་གིས་དཀྲོག་གཏམ་སྤེལ་བ་ཙམ་གྱིས་དཀའ་ངལ་བྱུང་ཡུལ་དོ་བདག་ལ་གང་ཡང་མི་ཕན་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ལ་གནོན་སྐྱོན་ཆེན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད། ཁྲིམས་ཀྱི་མདུན་སར་ཡུལ་མི་དང་སྐྱབས་བཅོལ་བའི་དབྱེ་བ་མེད་པར་ཚང་མ་འདྲ་མཉམ་ཡིན་དགོས་པས། ཁྲིམས་ཐོག་ནས་རྩོད་ལེན་བྱེད་དགོས། མི་སྒེར་དང་ཁྲིམས་ཐོག་ནས་རྒྱབ་སྐྱོར་གྱི་ལས་ཀ་གང་ཡང་མ་བྱས་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་འུར་སྒྲོག་ཅི་ཙམ་མང་བ་དེའི་ཚོད་ཀྱིས་དོ་བདག་གི་སེམས་ཁམས་ལ་མནར་གཅོད་གཏོང་བ་ཙམ་ལས་ཕན་ཐོགས་གང་ཡང་མེད། གློ་བུར་གྱི་དོན་རྐྱེན་རེ་ཟུང་ལ་བརྟེན་དཔེར་ན་གནས་ཡུལ་གཞུང་དང་མི་མང་ལ་ཁ་རྡུང་གཏོང་བ་དང་། རྒྱ་དམར་གཞུང་དང་མཚུངས་བསྡུར་བྱེད་མཁན་ཡང་རེ་ཟུང་ཡོད་པ་དག་གིས་སྤྱི་ཚོགས་ཀྱི་དོན་དངོས་མ་རྟོགས་པའམ། ཡང་ན་བོད་མི་སྐྱབས་བཅོལ་བ་དང་གནས་ཡུལ་གཞུང་དབར་འགལ་ཟླ་ཆེད་བཟོ་བྱེད་མཁན་དུ་གྱུར་ཡོད། བོད་མི་མང་པོ་རྒྱ་དམར་གཞུང་གི་མནར་གཅོད་འོག་རང་ས་ནས་སྡོད་མ་ཐུབ་པར་ལག་པ་སྟོང་པར་རྒྱ་གར་ལ་སྐྱབས་བཅོལ་དུ་སླེབས་ནས་མི་ལོ་དྲུག་ཅུ་རེ་ལྔ་ལ་ཉེ་བའི་རིང་། རྒྱ་གར་གཞུང་གི་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ཡོད་པ་དང་། སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ཏུ་བཙན་བྱོལ་བོད་གཞུང་བཙུགས་ནས་གཞིས་ཆགས་ཁག་དང་། དགོན་སྡེ་ཁག སློབ་གྲྭ་ཁག་སོགས་གསར་འཛུགས་ཐུབ་ཡོད་པ་དང་། གནས་སྡོད་བྱེད་ཡུལ་གྱི་ས་ཆ་དང་རང་དབང་གི་ཁོར་ཡུག་བསྐྲུན་པས་བཙན་བྱོལ་བོད་མི་རྣམས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་པ་མ་ཟད། དཔལ་འབྱོར་གྱི་ཐོག་ནས་ཀྱང་བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་གཞུང་བཀའ་དྲིན་ཆེ་ཤོས་སུ་གྱུར་ཡོད། མདོར་ན་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་སྐྱབས་བཅོལ་བ་རྣམས་ལ་འདྲ་མཉམ་དང་ཐོབ་ཐང་རྩོད་ལེན་བྱེད་ཆོག་པའི་ཁོར་ཡུག་ཡོད་པ་འདི་ཡང་རྒྱ་གར་གཞུང་གི་བཀའ་དྲིན་ཉག་གཅིག་ཡིན་པ་ལས། བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་དྲ་ལམ་ཁག་ཏུ་འུར་མཁན་དག་གིས་འཇོན་དྲགས་པ་ཞིག་གཏན་ནས་མ་རེད། དམིགས་བསལ་དྲ་ལམ་དུ་བསམ་ཚུལ་འབྲི་མཁན་དག་གིས་འགན་ཁུར་ཡོད་པའི་ཐོག་ནས་རང་ཉིད་ཀྱིས་གང་བྱས་པ་དེ་རྒྱ་དམར་གཞུང་གི་བེད་སྤྱོད་དུ་མི་འགྲོ་བ་ཞིག་དང་། རྒྱབ་སྐྱོར་བྱ་ཡུལ་དེ་ལ་ཕན་ལས་མིང་ཆད་དུ་མི་འགྱུར་བ་ཞིག་དགོས་པ་མ་གཏོགས། སྨྲ་བརྗོད་རང་དབང་གི་མིང་ཁུར་ནས་སྤྱི་ཚོགས་ལ་དཀྲོག་གཏམ་སྤེལ་མི་འོས་པ་དེ་བསམ་བློ་གཏོང་སའི་གཞི་རྩར་འཛིན་དགོས། ད་ལྟའི་དུས་འདིར་རྒྱ་གར་གྱི་གསང་ལས་པའི་ནང་བོད་ཡིག་བོད་སྐད་ཤེས་མཁན་མང་པོ་ཡོད་པ་མ་ཟད། རྒྱ་ནག་ནས་གནད་དོན་རེ་ཟུང་ལ་དོ་སྣང་བྱས་པ་བརྒྱུད་སྤེལ་བྱེད་མཁན་དག་གིས་ཀྱང་གནད་དོན་དེར་ཞིབ་ཏུ་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་འདུག་སྙམ།།