དགའ་ལྡན་ཤར་རྩེ་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དབུ་འབྱེད།
དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དང་བརྟག་དཔྱད་ཁང་། དཔེ་མཛོད་དང་ཡིག་ཚང་སོགས་མ་ལག་དང་བཅས་པ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་པ་རེད།
ཟླ་༥ ཚེས་ ༡༨ ཉིན་ དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དང་བརྟག་དཔྱད་ཁང་། དཔེ་མཛོད་དང་ཡིག་ཚང་སོགས་མ་ལག་དང་བཅས་པ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་རང་གཞུང་སྐུ་ཚབ་མོན་གྷོ་ས་གནས་འགོ་འཛིན་མཆོག་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ། དགའ་ལྡན་ཚོགས་ཆེན་གྱི་ཞལ་ངོ་རྣམ་པ་གཉིས། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དབུ་མཛད་ཆེན་མོ། ཨེ་མོ་རི་མཐོ་སློབ་ནས་ཕེབས་པའི་དགེ་རྒན་རྣམ་པ་གཉིས། གྲྭ་ཚང་གཉིས་ཀྱིས་ཕྱག་མཛོད་དང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གྲྭ་ཚང་གཉིས་ཀྱི་ཚན་རིག་སྡེ་ཚན་གྱི་འགན་འཛིན་དང་ལས་བྱེད། དེ་བཞིན་སློབ་ཕྲུག་རྣམ་པ། གཞན་ཡང་གསར་འགོད་པ་དང་དོན་གཉེར་ཅན་སོགས་མཉམ་འཛོམས་ཀྱི་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་སྐྱབས་གནས་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཤིས་བརྗོད་མེ་ཏོག་འཐོར་བཞིན་དབུ་འབྱེད་གནང་བ་དང་བཅས་རིམ་གྱིས་བཞུགས་གྲལ་ལ་འཁོད། ༧གོང་ས་མཆོག་གི་སྐུ་པར་རིན་པོ་ཆེའི་མདུན་དུ་མཇལ་དར་འབུལ་བ་དང་བཅས་རྟེན་འབྲེལ་གྱི་མཚོན་དོན་མཆོད་མེ་ཞལ་འབྱེད་དང་གསོལ་ཇ་འབྲས་སིལ་སོགས་གྲུབ་མཚམས་དགའ་ཤར་ཚན་རིག་སྡེ་ཚན་གྱི་དྲུང་ཆེ་འབྲི་སྐལ་བཟང་གི་མཛད་རིམ་སྒྲོག་སྦྱོང་བྱས། ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་རྒྱལ་མཚན་དབང་འདུས་ལགས་ཀྱིས་ཚན་རིག་སྡེ་ཚན་གྱི་ལས་རིམ་ངོ་སྤྲོད་དང་། ཨེ་མོ་རིའི་དགེ་རྒན་རྣམ་པ་གཉིས་ནས་ནུབ་ཕྱོགས་པའི་ལྟ་གྲུབ་དང་ནང་པའི་ལྟ་གྲུབ་བར་ལ་འབྲེལ་ལམ་ཡག་པོ་བྱུང་ན་དགེ་མཚན་ཆེ་སྐོར་གཏམ་བཤད་གནང་སོང་།
མོན་གྷོ་ས་གནས་འགོ་འཛིན་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་བཞིན་ནང་ཆོས་དང་ཚན་རིག་ཟུང་དུ་འབྲེལ་བའི་རིག་གཞུང་འཛམ་གླིང་ཡོངས་ལ་དར་ཁྱབ་ཆེན་པོ་བྱུང་ན་འཛམ་གླིང་སྤྱི་ཡི་ཞི་བདེ་ལ་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་ཚན་རིག་གི་སློབ་ཚན་གལ་ཆེན་པོ་ཡིན་པ་དང་དགེ་ལུགས་རྒྱུགས་སྤྲོད་ཀྱི་ནང་དུ་འཇོག་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར། དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་མཆོག་ནས་འཛམ་གླིང་སྤྱི་ཡི་རིག་གཞུང་འཕེལ་ཕྱོགས་ལ་ལྟོས་ནས་དུས་རབས་དང་མཐུན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཚན་རིག་གལ་ཆེན་པོ་ཡིན་པའི་སྐོར་བཅས་གསུང་སོང་། དགའ་ཤར་ཚན་རིག་སྡེ་ཚན་གྱི་དྲུང་ཆེ་འབྲི་སྐལ་བཟང་གིས་ཐུགས་རྗེ་ཆེ་ཞུས་ཀྱི་གཏམ་བཤད་དང་བཅས་མཛད་སྒོ་གྲོལ་སོང་ཅེས་འབྲེལ་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་གནང་བྱུང་།། གསར་འགོད་པ་ངག་དབང་ཐར་པ།
