དགེ་བཤེས་དཀོན་མཆོག་ཆོས་གྲགས་རྒྱ་གཞུང་གི་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་བརྒྱད་ལྷག་ཕྱིན་འདུག
དགེ་བཤེས་དཀོན་མཆོག་ཆོས་གྲགས་ལགས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་ཟླ་བ་བརྒྱད་ལྷག་ཕྱིན་ཟིན་ཡང་ད་དུང་ཁོང་གི་སྐོར་གནས་སྟངས་གསལ་ཁ་གང་ཡང་མེད་པ་ཡིན་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་གནས་ཚུལ་འཁོད་གསལ། ཕྱི་ལོ་༢༠༢༤ ཟླ་བ་ ༡༢ པའི་ནང་། མདོ་སྨད་བསང་ཆུ་རྫོང་དུ་རྟེན་གཞི་བྱས་པའི་ཧོར་གཙང་ཀིརྟི་དགོན་པའི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག་པ་དང་། སྐབས་དེར་ཁོང་གི་བཞུགས་ཤག་ཀྱང་སྔོག་བཤེར་བྱས་ཏེ། དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་དང་འབྲེལ་བའི་ཡིག་ཆ་སོགས་ཅ་དངོས་མང་པོ་ཞིག་བཙན་འཁྱེར་བྱས་འདུག
དགེ་བཤེས་དཀོན་མཆོག་ཆོས་གྲགས་ལགས་འཛིན་བཟུང་བྱས་ནས་ད་བར་ཟླ་བ་བརྒྱད་ལྷག་ཕྱིན་ཡོད་ནའང་། རྒྱ་ནག་གཞུང་གིས་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་སྐུ་གཟུགས་ཀྱི་གནས་སྟངས་ག་འདྲ་ཡིན་མིན་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གང་ཡང་མ་བྱས་པར་གར་སོང་ཆ་མེད་དུ་གྱུར་ཞིང་།
རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་། ཤེས་ཡོན་པ། སྒྱུ་རྩལ་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་སྤྱི་ཚོགས་ནང་ཤུགས་རྐྱེན་ཡོད་པའི་མི་སྣ་རྣམས་ལ་དམ་དྲག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་ “རྒྱལ་ཁབ་བདེ་འཇགས་” ཀྱི་ཁྲིམས་ལུགས་ལ་ཁ་གཡར་ནས། ཞི་བའི་ཐོག་ནས་རང་གི་ཐོབ་ཐང་རྩོད་ལེན་བྱེད་མཁན་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནི་ཁྲིམས་འགལ་གྱི་བྱ་སྤྱོད་དུ་ངོས་འཛིན་བྱེད་བཞིན་ཡོད། བོད་ཀྱི་ས་ཁུལ་ཁག་ཏུ་ལྟ་སྲུང་དང་། བཀག་སྡོམ། གང་བྱུང་བཀག་ཉར་བཅས་ཀྱི་སྲིད་བྱུས་ལ་བརྟེན་ནས་བོད་མི་མང་པོ་ཞིག་གར་སོང་ཆ་མེད་དུ་འགྱུར་བཞིན་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད།
དགེ་བཤེས་དཀོན་མཆོག་ཆོས་གྲགས་ལགས་ནི་མཛོད་དགེ་རྫོང་འབྲིང་བའི་རྡོ་མཆོག་ནས་ཡིན་ཞིང་། ཁོང་གི་ཡབ་ཨ་བློ་དང་ཡུམ་མ་ཅིག་སྐྱིད་གཉིས་སྔ་ས་ནས་འདས་གྲོངས་སུ་གྱུར་ཡོད་འདུག། ཁོང་ཆུང་དུས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཆོས་ཞུགས་ཀྱིས་གསན་བསམ་སློབ་གཉེར་གནང་སྟེ། ཕྱི་ལོ་ ༢༠༡༩ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་ཅིང་། ཕྱི་ལོ་ ༢༠༢༡ ལོར་ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་ཏུ་བསྐོ་བཞག་བྱུང་བ་ཞིག་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།