དགེ་ལུགས་ཀྱི་དགོན་སྡེ་ཁག་དང་སློབ་གྲྭའི་ནང་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་སྒྲིག་གཞི་སྐོར་གྱི་བསམ་ཚུལ།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་༡༠ པའི་ནང་སློབ་གྲྭ་ཁག་ནང་འོས་བསྡུའི་དྲིལ་བསྒྲགས་མི་ཆོག་སྐོར་འཁོད་ཡོད་པ་དང་། ཉེ་ཆར་དགེ་ལྡན་ལྷན་ཚོགས་ནས་དེ་མཚུངས་དགེ་ལུགས་པའི་དགོན་སྡེ་ཁག་ནང་འོས་བསྡུའི་དྲིལ་བསྒྲགས་མི་ཆོག་པའི་གྲོས་ཆོད་བཞག་ཡོད་པ་རེད། སྒྲིག་ཁྲིམས་འདི་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་དང་དགག་པ་རྒྱག་མཁན་གཉིས་ཀ་བྱུང་ཡོད་པས། འདི་ག་གསར་ཁང་ནས་དེའི་ཐོག་དོ་སྣང་བྱེད་མཁན་གཉིས་ལ་གནས་འདྲི་བྱས་ཡོད།

སྤྱི་ཚོགས་འབྲེལ་མཐུད་དྲ་གནས་ཁག་ཏུ་ཁྲིམས་དེ་ལ་འདོད་པ་མེད་པའི་གནས་ཚུལ་སྤེལ་མཁན་མང་པོ་འདུག་ལ། གྲྭ་འདན་མ་དགེ་འཕེལ་གྱིས་ངོ་དེབ་ཐོག་ཏུ་དེའི་སྐོར་ལ་རྩོམ་ཐུང་ཞིག་བྲིས་པའི་ནང་། “གནས་ཚུལ་རྣམས་རྒྱུས་ལོན་ངེས་པར་དུ་ཐུབ་དགོས། དེ་ལྟར་རྒྱུས་ལོན་བྱེད་པའི་ལམ་བུ་གཅིག་དེ་སྒྲིག་འཛུགས་ཀྱིས་ཅི་ཞིག་བསྒྲུབས་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་གི་ཡོད་པ་དང་། སྒྲིག་འཛུགས་ནས་ཅི་ཞིག་བསྒྲུབ་རྒྱུ་ཡིན་མིན་ངེས་པར་དུ་ཤེས་དགོས་པའི་འོས་འགན་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་། ལྷག་པར་དུ་གྲྭ་བ་ཚོ་ལ་འོས་འགན་ཤིན་ཏུ་ཆེ་བ་ཡོད་ན་ཡང་། ཉེ་ལམ་དགེ་ལྷན་གྱིས་བཟོས་པའི་ཁྲིམས་ཡིག་དེས་འོས་འགན་དེ་དག་ཅི་མིན་སྙམ་དུ་བཏང་བ་ནི་ཡིད་ཆད་དང་བློ་ཕམ་གྱི་གཞི་རེད།” “ཁྲིམས་འདིས་ནི་ལས་དོན་ནག་པོ་འགའ་རེ་ཡོང་དོགས་ཀྱིས་སེན་མོ་བཏུབ་པའི་ཚབ་ཏུ་མཛུབ་མོ་བཅད་འདུག་གོ”ཞེས་འཁོད་འདུག།

ཧྥ་རིན་སིར་གནས་སྡོད་རྨ་དུག་ལྕེའམ་རྭ་རྒྱ་བསྟན་འཛིན།

ཧྥ་རིན་སིར་གནས་སྡོད་རྨ་དུག་ལྕེའམ་རྭ་རྒྱ་བསྟན་འཛིན།

དྲི་བ། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་༡༠ པར་“སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕུད་དེ་མིན་འོས་མི་དང་སྐྱེ་བོ་སུ་ཐད་བཅས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་དང་། གཏམ་བཤད། ཡིག་ཆ་འགྲེམ་སྤེལ་བཅས་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་མི་ཆོག་”ཅེས་གསལ་ཡོད་པ་དང་། འོས་བསྡུའི་འགན་འཛིན་གྱིས་ “སྒྲིག་གཞིའི་ངོ་གདོང་ལ་བལྟས་ན་ཤེས་ཡོན་ལྟེ་གནས་ཁག་ཏུ་ཆབ་སྲིད་ཀྱི་དྲི་མ་མ་འགོས་ན་བསམ་ཡིན་གྱི་རེད། འོས་བསྡུའི་དུས་ཚོད་ནང་ཁྱབ་བསྒྲགས་ཆེད་དུ་མཐོ་སློབ་ཁག་ཏུ་ཡང་འགྲོ་ཆོག་གི་མ་རེད།” ཅེས་ཁ་གསལ་གསུངས་འདུག དེའི་ཐོག་དགོངས་ཚུལ་གང་ཡོད།

ལན། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་༡༠ པ་འདི་ཧ་ཅང་ཡག་པོ་འདུག་སྙམ། འུ་ཅག་བོད་པ་ཚོར་མཚོན་ན་ད་དུང་དམངས་གཙོའི་ལྟ་གྲུབ་ཐོག་ནས་བྱིས་པ་དམར་འབྱར་ཞིག་ཡིན་པས་ཨ་རི་སོགས་འཛམ་གླིང་གི་མིག་དཔེར་བལྟ་འོས་པའི་དམངས་གཙོའི་ལམ་སྲོལ་ལ་ལད་ཟློས་བྱས་ན་སྟག་མཆོང་སར་ཝ་མོ་མཆོང་བ་བཞིན་དགེ་མཚན་ལས་ཆག་སྒོ་ཆེ་གི་རེད། བྱས་ཙང་སྒྲིག་གཞི་འདི་ནི་ཁ་ལ་དཔག་པའི་སོ་དང་ཐབ་ལ་དཔག་པའི་མེ་རེད་བསམ་གི་ཡོད།

དྲི་བ། ཉེ་ཆར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་བོད་མིའི་ཡོང་ལ་ཉེ་བའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཁག་ཅིག་གི་ཐོག སྒྲིག་གཞི་དོན་ཚན་ཁ་ཤས་བཟོས་འདུག དེ་ཐོག་སྤྱི་ཚོགས་ནང་གླེང་སློང་བྱུང་ཡོད་པ་དང་། ཁག་ཅིག་གིས་དགོན་སྡེ་ཁག་ནས་ཀྱང་འོས་ཤོག་འཕེན་དགོས་པས། འོས་མི་ཁྱབ་བསྒྲགས་རིགས་བཀག་ན་མི་འགྲིག་སྐོར་དང་། ཁག་ཅིག་གིས་སྒྲིག་གཞི་དེ་ལ་བསྟོད་བསྔགས་ཀྱང་བྱེད་ཀྱི་འདུག གཙོ་བོ་གྲོས་ཆོད་དོན་ཚན་༢།༣།༤ ལ་ཐུག་འདུག སྐུ་ཉིད་ལ་དེའི་ཐོག་དགོངས་ཚུལ་ག་རེ་བྱུང་། གྲྭ་མང་ནང་འོས་མི་འདེམས་ཕྱོགས་ཀྱི་འདམས་ཀར་གནོད་སྐྱོན་དང་། འོས་འབངས་ཤིག་ལ་མཚོན་ན་མང་གཙོའི་འོས་འདེམས་ཀྱི་རང་དབང་ལ་དོ་ཕོགས་འགྲོ་ཡི་རེད་དམ། གཙོ་བོ་ད་ལྟ་ང་ཚོས་སེར་མོ་བ་འོས་མིར་ལངས་ཆོག་པ་དང་། འོས་འཕེན་དགོས་པའི་ཁྲིམས་སྒྲིག་འོག་ནས་སྒྲིག་གཞི་གྲོས་ཆོད་དེ་འོས་འཚམས་ཡིན་མིན་གསུངས་རོགས།

ལན། དགེ་ལྡན་ལྷན་ཚོགས་ཀྱི་གཏན་འབེབ་དེར་ཡི་རང་བསྔགས་བརྗོད་ཞུ་གི་ཡོད། རྒྱུ་མཚན་༡ ད་ལྟའི་དུས་རབས་འདི་བརྡ་འཕྲིན་དུས་རབས་ཡིན་པས་སྦྱར་ཡིག་འདྲ་མིན་གང་སར་སྦྱར་ཞིང་ཆབ་སྲིད་པ་ཉི་ཚེ་བ་དག་གང་སར་འདུར་རྒྱུག་བྱས་ནས་འོས་ཤོག་སློང་བའི་དགོས་པ་ཆེན་པོ་ཡོད་མ་རེད། མི་རེར་ཁ་པར་དང་གློག་ཀླད་གཉིས་གསུམ་རེ་ཡོད་པས་དོ་སྣང་བྱེད་མཁན་ཞིག་ཡིན་ཚེ་དྲྭ་ལམ་ནས་མི་རྙེད་པའི་གནས་ཚུལ་ཡོད་མ་རེད། ༢ གྲྭ་བཙུན་ཚོར་མཚོན་ན་དམངས་གཙོ་ལས་ཀྱང་གལ་ཆེ་བ་དེ་རང་ཉིད་གང་ན་ཡོད་པ་དང་སུ་ཡིན་པ་ངོ་ཤེས་རྒྱུ་དེ་གནད་འགག་ཆེན་པོ་རེད། ཐེག་པ་ཆེན་པོའི་ཆོས་ཉམས་ལེན་མཁན་ཞིག་ལ་མཚོན་ན་རང་ལས་གཞན་གཅེས་དེ་སྲོག་ཤིང་ཡིན་པས་གཞན་ལས་རང་གཅེས་ཀྱི་ཆབ་སྲིད་ནང་དུ་དེ་ཙམ་མ་འཚང་ན་ཡག་པོ་ཡོད་རེད། ༣ གཏན་འབེབས་འདིས་དམངས་གཙོའི་ཁེ་དབང་ལ་དོ་ཕོག་སྤུ་ཙམ་བཏང་ཡོད་པ་མ་རེད། གསལ་བསྒྲགས་འདྲ་མིན་སྦྱོར་བ་དང་ཆབ་སྲིད་པ་འདྲ་མིན་ཡོང་མི་ཆོག་ཅེས་པ་དམངས་གཙོའི་ཁེ་ཕན་ལ་གནོད་ཀྱི་ཡོད་ཚེ། དེ་ལས་ལྡོག་སྟེ་བཤད་མཁན་དེས་ཀྱང་དམངས་གཙོའི་ཁེ་དབང་ལ་དོ་ཕོག་བཏང་བ་མ་རེད་དམ།

དྲི་བ། དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད་༩ པ་ནང་དོན་གྱི་ངོ་བོ་མ་འགྲིག་པ་མེད་ནའང་། དགེ་ལུགས་པའི་སྤྱི་འཐུས་ཟེར་དུས་ཡོང་ཁུངས་ཙམ་ཡིན་པ་ལས་བོད་མི་མང་སྤྱི་འཐུས་ཡིན་པ་གཅིག་མཚུངས་ཡིན་པས། དམ་འབུལ་འཐོལ་བ་དེ་འདྲ་དགོས་པ་ཆགས་ན་གང་འདྲ་ཡོང་གི་རེད། དེའི་ཐོག་དགོངས་ཚུལ་གསུངས་རོགས།

ལན། དྲང་མོར་ཞུས་ན་འདི་ནི་གནད་འགག་ཅིག་རེད་སྙམ། དེ་སྔོན་གྲོས་ཚོགས་ནང་དུ་ཆོས་བརྒྱུད་སྤྱི་འཐུས་ཚོའི་བྱ་སྤྱོད་ལ་མི་མང་པོ་ཞིག་ཡི་ག་ཆད་ཡོད་པས་དགེ་ལྡན་ལྷན་ཚོགས་ནས་མ་འོངས་པར་དེ་འདྲ་མི་འབྱུང་ཆེད་ཆུ་མ་ཡོང་སྔོན་ལ་རགས་བརྒྱབ་པ་ཞིག་མཐོང་གི་ཡོད།

དྲི་བ། མ་འོངས་པར་སྤྱི་འཐུས་ཡོང་ཁུངས་སོ་སོས་སྤྱི་འཐུས་ལ་དམ་འབུལ་ཁྲིམས་སྒྲིག་བཟོས་ཡོང་ན་ཁྱད་མཚར་ཆགས་ཉེན་མི་འདུག་གམ།

ལན། དེ་འདྲ་བྱུང་ན་ཡག་ཤོས་རེད། དེ་ཉེན་ཁ་ཞིག་མ་རེད་ལེགས་བཅོས་ཤིག་རེད། རྒྱུ་མཚན་ནི་སྤྱི་འཐུས་དག་ལ་གང་བྱུང་མང་བྱུང་བྱེད་པའི་ལམ་བུ་དེ་རྒྱ་ཆུང་རུ་བཏང་བ་རེད།

 

ཨ་རིའི་གཙུག་ལག་སློབ་གཉེར་ཁང་(Pnnsylvania State University) སློབ་སྦྱོང་བྱེད་བཞིན་པའི་ཨོ་རྒྱན་ཆོས་འགྲུབ།

ཨ་རིའི་གཙུག་ལག་སློབ་གཉེར་ཁང་(Pnnsylvania State University) སློབ་སྦྱོང་བྱེད་བཞིན་པའི་ཨོ་རྒྱན་ཆོས་འགྲུབ།

དྲི་བ། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་༡༠ པར་“སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕུད་དེ་མིན་འོས་མི་དང་སྐྱེ་བོ་སུ་ཐད་བཅས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་དང་། གཏམ་བཤད། ཡིག་ཆ་འགྲེམ་སྤེལ་བཅས་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་མི་ཆོག་”ཅེས་གསལ་ཡོད་པ་དང་། འོས་བསྡུའི་འགན་འཛིན་གྱིས་ “སྒྲིག་གཞིའི་ངོ་གདོང་ལ་བལྟས་ན་ཤེས་ཡོན་ལྟེ་གནས་ཁག་ཏུ་ཆབ་སྲིད་ཀྱི་དྲི་མ་མ་འགོས་ན་བསམ་ཡིན་གྱི་རེད། འོས་བསྡུའི་དུས་ཚོད་ནང་ཁྱབ་བསྒྲགས་ཆེད་དུ་མཐོ་སློབ་ཁག་ཏུ་ཡང་འགྲོ་ཆོག་གི་མ་རེད།” ཅེས་ཁ་གསལ་གསུངས་འདུག དེའི་ཐོག་དགོངས་ཚུལ་གང་ཡོད།

ལན། སློབ་གྲྭ་ཁག་ཆ་ཚང་ནང་འོས་བསྡུའི་དྲིལ་བསྒྲགས་ཆོག་གི་མེད་ཟེར་དུས་རྨང་གཞི་ནས་སྐད་ཆ་བཤད་ན། གཞི་རིམ་སློབ་གྲྭ་ཁག་ནང་སློབ་མ་ལོ་༡༨ ཟིན་པ་ཁག་ཅིག་ཡོད་རེད་ལ། དགེ་རྒན་ལས་བྱེད་མང་པོ་ཡོད་རེད། མཐོ་སློབ་ཁག་ནང་ལོ་༢༥ ཟིན་པ་མང་པོ་ཡོད་རེད། ལོ་༡༨ ནས་འོས་ཤོག་འཕེན་ཆོག་གི་ཡོད་རེད། ལོ་༡༨ ནས་༢༥ བར་གྱི་མི་འབོར་དེ་བཙན་བྱོལ་ནང་གང་འཚམ་ཡོད་པ་རེད། དེ་ཆ་ཚང་ལ་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པ་ལ། འོས་བསྡུའི་ནང་མཉམ་ཞུགས་ཆ་ཚང་བ་ཞིག་བྱེད་རྒྱུའི་ལམ་ཁ་བཀག་བཞག་པ་ལྟ་བུ་འདུག བཙན་བྱོལ་ནང་བོད་པའི་མཐོ་སློབ་ཝ་ར་ན་ས་དང་། ས་རཱ་མཐོ་སློབ། ཏཱ་ལའི་བླ་མ་མཐོ་སློབ། ལྡི་ལིའི་བོད་ཁྱིམ་སྡོད་ཁང་དེ་ཚོ་ཚུད་ཀྱི་ཡོད་རེད། གསོག་སྒར་སློབ་གྲྭའང་ཚུད་ཀྱི་ཡོད་རེད་ཨ། དགོན་སྡེ་ཁག་དེའི་ནང་ཚུད་ཀྱི་ཡོད་མེད་མི་ཤེས། མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགོན་སྡེ་བཤད་གྲྭ་ཡོད་མཁན་ཚང་མ་ཚུད་ཀྱི་ཡོད་རེད། ཤེས་ཡོན་གྱི་ལྟེ་གནས་ནང་ཆབ་སྲིད་ཀྱི་དྲི་མ་མ་གོས་པའི་ཆེད་དུ་ཡིན་ཟེར་དུས། སྤྱི་ཡོངས་ཀྱི་བསམ་བློ་གཏོང་སྟངས་ཤིག་རེད། ཐའེ་ཝན་དང་ཧོང་ཀོང་དེ་ཚོར་དེང་སྐབས་ཀྱི་གུ་ཡངས་རིང་ལུགས་ནང་ཆབ་སྲིད་དང་ཤེས་ཡོན་ལྟེ་གནས་ཁ་ཁ་བཟོ་དགོས་པའི་བསམ་བློ་ཞིག་ཡོད་རེད། ང་ཚོ་འཐབ་རྩོད་བྱེད་དགོས་མཁན་གྱི་མི་རིགས་ཤིག་ཡིན་པས་དེའི་རྗེས་སུ་འབྲང་ན་ནོར་འཁྲུལ་རེད་བསམ་གྱི་འདུག དེ་ནས་ནུབ་ཕྱོགས་ཀྱི་ལོ་རྒྱུས་ནང་བལྟས་ན། ཤེས་ཡོན་ལྟེ་གནས་ཁག་ཆབ་སྲིད་ཀྱི་ནང་མ་འཛུལ་ཟེར་དུས་བཟོ་གྲྭའི་ནང་མིའི་ལས་ཀ་བྱེད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་རེད། བཟོ་གྲྭ་དང་ཚོང་ར་དེ་ཚོའི་ནང་ལས་ཀ་བྱེད་ཐུབ་པའི་སློབ་སྦྱོང་དང་སྦྱོང་བརྡར་བྱེད་ས་དེ་སློབ་གྲྭ་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། ང་ཚོ་འཐབ་རྩོད་བྱེད་དགོས་པའི་མི་རིགས་ཤིག་ལ་དེ་ཏག་ཏག་འདུག་གི་མ་རེད། ཆབ་སྲིད་ཟེར་དུས་ཁྱེད་རང་འདོད་པ་ཡོད་ན་མེད་ན། ཆབ་སྲིད་ཀྱིས་མི་ཚང་མར་གནོན་ཤུགས་ཡོད་རེད། ཆབ་སྲིད་ཀྱིས་ཁྱེད་རང་གི་མི་ཚེའི་ག་རེ་བྱེད་ཐུབ་ཀྱི་རེད། འོས་ཤོག་འཕེན་རྒྱུ་ནས་སློབ་སྦྱོང་དང་འཕྲོད་བསྟེན་གྱི་ཐོབ་ཐང་ཚང་མ་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་ཡོད་རེད། སློབ་སྦྱོང་བྱེད་རྒྱུའི་དགོས་པ་མི་མང་གིས་དཀའ་ངལ་སེལ་ཆེད་རེད་ལ། ཆབ་སྲིད་ག་འདྲ་བསྒྱུར་བཅོས་བཏང་ནས་མི་མང་གི་དཀའ་ངལ་སེལ་ཐབས་བྱེད་རྒྱུ་དེ་རེད། ཆབ་སྲིད་ནི་དཀའ་རྙོག་སེལ་ཆེད་སློབ་སྦྱོང་བྱས་ཏེ་བསམ་བློ་གསར་པ་བཟུང་ནས་དཀའ་རྙོག་ག་འདྲ་སེལ་དགོས་ལྟ་བྱེད་ཀྱི་རྨང་གཞི་རེད། ནུབ་ཕྱོགས་ནང་ཚོང་རའི་མ་རྩ་རིང་ལུགས་ཀྱི་ལྟ་སྟངས་དེ་ང་ཚོ་འཐབ་རྩོད་པར་འཚམ་པོ་ཡོད་པ་མ་རེད། རྒྱ་གར་གྱི་རིགས་རུས་དབྱེ་འབྱེད་འཐབ་རྩོད་པ་དང་རྒྱ་གར་གྱི་རྩ་ཁྲིམས་བཟོ་མཁན་གྱིས་“སློབ་སྦྱོང་གྱིས། འཐབ་རྩོད་གྱིས། གོ་སྒྲིག་གྱིས་”ཟེར་གྱི་ཡོད་རེད། སློབ་སྦྱོང་གི་དགོས་མཁོ་དེ་འགན་དབང་དེ་འདྲ་ཞིག་ཡིན་གྱི་རེད། སློབ་སྦྱོང་གི་ལྟེ་གནས་དང་ཆབ་སྲིད་བསྲེ་རྒྱུ་ཡོད་མ་རེད་ཟེར་བ་དེ་ནོར་ཡོད་རེད་བསམ་གྱི་འདུག

དྲི་བ། ཁྱེད་རང་རྒྱ་གར་དང་ཨ་རིའི་གཉིས་ཀྱི་ནང་མཐོ་སློབ་འགྲིམ་མྱོང་བས། ཁོང་ཚོའི་མཐོ་སློབ་ནང་འོས་བསྡུའི་ལས་འགུལ་སྤེལ་ཕྱོགས་ག་འདྲ་འདུག

ལན། ཨ་རི་དང་རྒྱ་གར་ཡིན་ནའང་ཆབ་སྲིད་དང་ཤེས་ཡོན་ལྟེ་གནས་ཁ་ཁ་བཟོ་དགོས་པའི་ལུགས་སྲོལ་ཡོད་རེད། མཐོ་སློབ་མང་པོའི་ནང་འོས་བསྡུའི་སྐབས་འོས་མི་སོ་སོ་ཡོང་ནས་དྲིལ་བསྒྲགས་མི་ཆོག་པའི་ལུགས་སྲོལ་ཡོད་རེད། མཐོ་སློབ་ཆ་ཚང་དེ་འདྲ་ཡིན་མིན་ཤེས་མ་སོང་། ཡིན་ཡང་སློབ་མས་སྣེ་ཁྲིད་ནས་འོས་བསྡུའི་སྐོར་ལ་བགྲོ་གླེང་དང་ཁྱབ་བསྒྲགས་བྱེད་རྒྱུར་བཀག་འགོག་ཡོད་པ་ཞིག་ངས་མཐོང་མ་སོང་། དཔེར་ན་ཨ་རི་ལྟ་བུ་ཡིན་ན། སྲིད་འཛིན་ཊོམ་ལ་འཕྲེད་དར་འཕྱར་ནས་ངོ་རྒོལ་བྱེད་རྒྱུ་དང་རྒྱབ་སྐྱོར་བྱེད་རྒྱུ། དེའི་སྐོར་ལ་བགྲོ་གླེང་འཚོག་རྒྱུ་དེ་ཚོར་བཀག་ཡོད་པ་མ་རེད།

དྲི་བ། ཉེ་ཆར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་བོད་མིའི་ཡོང་ལ་ཉེ་བའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཁག་ཅིག་གི་ཐོག སྒྲིག་གཞི་དོན་ཚན་ཁ་ཤས་བཟོས་འདུག དེ་ཐོག་སྤྱི་ཚོགས་ནང་གླེང་སློང་བྱུང་ཡོད་པ་དང་། ཁག་ཅིག་གིས་དགོན་སྡེ་ཁག་ནས་ཀྱང་འོས་ཤོག་འཕེན་དགོས་པས། འོས་མི་ཁྱབ་བསྒྲགས་རིགས་བཀག་ན་མི་འགྲིག་སྐོར་དང་། ཁག་ཅིག་གིས་སྒྲིག་གཞི་དེ་ལ་བསྟོད་བསྔགས་ཀྱང་བྱེད་ཀྱི་འདུག གཙོ་བོ་གྲོས་ཆོད་དོན་ཚན་༢།༣།༤ ལ་ཐུག་འདུག སྐུ་ཉིད་ལ་དེའི་ཐོག་དགོངས་ཚུལ་ག་རེ་བྱུང་། གྲྭ་མང་ནང་འོས་མི་འདེམས་ཕྱོགས་ཀྱི་འདམས་ཀར་གནོད་སྐྱོན་དང་། འོས་འབངས་ཤིག་ལ་མཚོན་ན་མང་གཙོའི་འོས་འདེམས་ཀྱི་རང་དབང་ལ་དོ་ཕོགས་འགྲོ་ཡི་རེད་དམ། གཙོ་བོ་ད་ལྟ་ང་ཚོས་སེར་མོ་བ་འོས་མིར་ལངས་ཆོག་པ་དང་། འོས་འཕེན་དགོས་པའི་ཁྲིམས་སྒྲིག་འོག་ནས་སྒྲིག་གཞི་གྲོས་ཆོད་དེ་འོས་འཚམས་ཡིན་མིན་གསུངས་རོགས།

ལན། དེ་ཕྱོགས་གཅིག་ནས་བལྟས་ན། ཆོས་བརྒྱུད་སྤྱི་འཐུས་མེད་པ་དང་། དགེ་འདུན་པ་ཚོ་ཆོས་པ་རེད། ཆབ་སྲིད་ལ་ཐེ་ཇུས་བྱེད་རྒྱུ་ཡོད་པ་མ་རེད་ཟེར་གྱི་ཡོད་ན། དེ་ཡག་པོ་རེད། ཡིན་ཡང་ང་ཚོའི་གྲོས་ཚོགས་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོད་རེད། དེ་ལ་དཔག་པའི་གྲྭ་མང་ནང་གོ་རྟོགས་དགོས་རེད། མང་གཙོའི་ནང་འོས་ཤོག་འཕངས་པ་ཙམ་མ་ཡིན་པར་རྒྱུས་མངའ་ཤེས་རྟོགས་ཡོད་པའི་ཐོག་ནས་འཕེན་དགོས་རེད། ཁྱབ་བསྒྲགས་རིགས་བཀག་པ་དང་། གྲོས་བསྡུར་གྱི་སྡིངས་ཆ་བཀག་བཞག་ན་ཤེས་རྟོགས་ཡོང་རྒྱུར་གནོད་ཀྱི་རེད། མི་ཚང་མ་བཀག་ནས་གཅིག་མཚུངས་ཀྱི་དྲང་པོ་བྱས་ཡོད། འདྲ་མཉམ་བྱས་ཡོད། འོས་ཡག་པོ་འཕེན་གྱི་རེད་བསམ་གྱི་ཡོད་ཀྱི་རེད་དེ། འདེམས་ཀ་བྱེད་སའི་ནང་ཁག་ཅིག་ལ་ནང་མིིའི་རྒྱབ་ལྗོངས་དང་། དབང་ཆའི་རྒྱབ་ལྗོངས་ཡོད་མཁན་སྤྱི་ཚོགས་ནང་འབུར་དུ་ཐོན་པ་ཡོད་རེད། དེ་ཚོ་ཚང་མས་ཤེས་ཀྱི་ཡོད་རེད། མི་གསར་པ་དང་བསམ་བློ་གསར་པ་ཡོད་མཁན་ངོ་སྤྲོད་བྱེད་སའི་སྡིངས་ཆ་མེད་ན་ཤེས་རྟོགས་ཐུབ་ཀྱི་མ་རེད། གྲོས་བསྡུར་བྱེད་སའི་སྡིངས་ཆ་ངེས་པར་དུ་དགོས་པ་རེད། གྲོས་བསྡུར་བྱེད་སའི་སྡིངས་ཆ་མེད་ན་མི་ཚང་མས་ངོ་ཤེས་པ་དེ་འདེམས་འགྲོ་གི་རེད། མི་གསར་པ་ཡོང་ས་ཡོད་པ་མ་རེད།

དྲི་བ། དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད་༩ པ་ནང་དོན་གྱི་ངོ་བོ་མ་འགྲིག་པ་མེད་ནའང་། དགེ་ལུགས་པའི་སྤྱི་འཐུས་ཟེར་དུས་ཡོང་ཁུངས་ཙམ་ཡིན་པ་ལས་བོད་མི་མང་སྤྱི་འཐུས་ཡིན་པ་གཅིག་མཚུངས་ཡིན་པས། དམ་འབུལ་འཐོལ་བ་དེ་འདྲ་དགོས་པ་ཆགས་ན་གང་འདྲ་ཡོང་གི་རེད། དེའི་ཐོག་དགོངས་ཚུལ་གསུངས་རོགས།

ལན། འཐུས་མི་བདམས་བཞག་པ་དེས་མི་མང་གི་བསམ་བློ་ག་རེ་ཡིན་པ་དེ་བྱེད་དགོས་རེད་ཟེར་གྱི་ཡོད་པ་དང་། དཔེར་ན་སོ་སོ་ཡོང་ཁུངས་ཧིན་དྷི་ཡིན་ན། ཁ་ཆེ་ལ་དམ་དྲག་དགོས་པའི་གྲོས་འཆར་བྱུང་བ་ལྟ་བུ་ཡིན་ན། འོས་དེ་གང་ལ་འཕེན་དགོས་སོ་སོས་བསམ་བློ་གཏོང་དགོས་རེད་འདུག་སྟེ། སོ་སོ་ཡོང་ཁུངས་ཀྱི་མི་མང་ཚོའི་འདོད་པ་མ་ཁེངས་ན་རྗེས་མ་འོས་ཤོག་འཕེན་གྱི་མ་རེད། ང་ཚོས་བོད་པ་སྤྱི་ཡོངས་ཀྱི་འཐུས་མི་རེད་ཟེར་བ་དེ་ད་ལྟ་ང་ཚོའི་འཐབ་རྩོད་ཀྱི་ཆ་ནས་རེད། བཙན་རྒྱལ་རིང་ལུགས་ལ་འཐབ་རྩོད་བྱེད་དགོས་པས། སོ་སོ་ཡོང་ཁུངས་ལ་ཞབས་ཞུ་དགོས་རེད་ཟེར་དུས་ང་ཚོའི་བསམ་བློའི་ནང་མ་བདེ་བ་ཞིག་ཡོད་རེད། ཡིན་ཡང་སོ་སོ་ཡོང་ཁུངས་ཀྱི་འབངས་ལ་འགན་ཁུར་དགོས་པ་དང་། ལན་འདེབས་དགོས་པ་དེ་ཚོ་གལ་ཆེན་པོ་རེད་མ་གཏོགས། ཡང་གནད་ཡོད་གཅིག་གཉིས་ལ་དེ་ལྟར་དགོས་ན་མ་བདེ་བ་ཞིག་ཡོད་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

དགེ་ལྡན་ལྷན་ཚོགས་ཀྱི་བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་བའི་གྲོས་ཆོད་ཁག་གཤམ་གསལ།

གྲོས་ཆོད། ༢༽ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་ནས་ཀྱང་༢༠༠༨ ཟླ་བ་༧ ཚེས་༡༥ ཉིན་གནང་བའི་བཀའ་ཡིག་ཨང་། ཆོས་རིག སྤྱིར་༡༩།༠༨་་་༠༩ ནང་གསལ་བའི་ལམ་སྟོན་ཁག་དང༌། ཕྱི་ལོ་༢༠༡༢ ཀྱི་ཟླ་བ་༡༢ ཚེས་༩ དང་༡༠ བཅས་ལ་སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཚོགས་མི་ཚང་འཛོམས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་བགྱིས་ཏེ། རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་ལ་ཡུལ་དུས་ཀྱི་དགོས་མཁོ་དང་བསྟུན་ནས་བསྐྱར་བཅོས་གཏན་འབེབས་གནང་བ། ཕྱི་ལོ་༢༠༡༣ ལོར་པར་སྐྲུན་དང་འགྲེམས་སྤེལ་བྱས་པའི་སྒྲིག་གཞིའི་དོན་ཚན་བཅོ་ལྔ་པ། ཀུན་སྤྱོད་སྐོར་གྱི་ནང་གསེས་བཅོ་ལྔ་པར། [༡༥༽ གཞུང་འབྲེལ་གྱི་ཆབ་སྲིད་དང་། རིག་གཞུང་སོགས་ཀྱི་ལས་འགུལ་མ་ཡིན་པའི་ཚོགས་སྡེ་གཞན་གྱི་ལས་འགུལ་གང་ཡིན་ཡང་། གདན་སའི་སློབ་གཉེར་བ་རྣམས་མཉམ་ཞུགས་བྱེད་མི་ཆོག ] ཅེས་གསལ་བར་འཁོད་པས། བཀའ་ཤག་གིས་དབུ་ཁྲིད་པའི་གཞུང་འབྲེལ་ལས་འགུལ་མ་གཏོགས་གཞུང་འབྲེལ་མིན་པའི་ངོ་རྒོལ་དང་སྐད་འབོད་སོགས་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་རིགས་ལ་གདན་སའི་དགེ་འདུན་པ་དང་སློབ་གཉེར་བ་རྣམ་མཉམ་ཞུགས་མི་ཆོག་པའི་ཐོག ཆབ་སྲིད་ཀྱི་ལས་གནས་ལ་འཚང་མཁན་སྐྱེ་བོ་ཆེ་ཕྲ་སུས་ཀྱང་ས་ཕྱོགས་གང་སར་མི་མང་གིས་རང་ཉིད་ལ་རྒྱབ་སྐྱོར་འོས་འཕེན་གནང་རོགས། ཞེས་རེ་བསྐུལ་ཁྱབ་བསྒྲགས་ལས་འགུལ་སྤེལ་སྐབས་སུ་གདན་ས་དང༌། བཤད་གྲྭ་ཁག་ནང་ཁྱབ་བསྒྲགས་ལས་འགུལ་དེའི་རིགས་སྤེལ་མི་ཆོག་ཅིང༌། དེ་འབྲེལ་ཁྱབ་བསྒྲགས་ཕྲད་དར་དང་སྦྱར་ཡིག་སོགས་ཀྱང་གདན་ས་དང་། བཤད་གྲྭའི་ཁོར་ཡུག་གི་ནང་དུ་ཚུད་པའི་གྱང་དང་། བརྩིགས་པ། ཀ་བ་སོགས་ལ་གང་བྱུང་དུ་སྦྱར་མི་ཆོག

གྲོས་ཆོད། ༣༽ གདན་ས་དང༌། བཤད་གྲྭ གྲྭ་ཚང་། ཁང་ཚན། མི་ཚན་ཁག་གི་འདུ་ཁང་དང༌། ཚོམས། ཆོས་ར་སོགས་མཁར་དངོས་རྣམས་ཆབ་སྲིད་ཀྱི་ལས་གནས་ལ་འཚང་མཁན་སྐྱེ་བོ་ཆེ་ཕྲ་སུས་ཀྱང་རང་ཉིད་ལ་རྒྱབ་སྐྱོར་འོས་འཕེན་གནང་རོགས། ཞེས་རེ་བསྐུལ་ཁྱབ་བསྒྲགས་ལས་འགུལ་སྤེལ་ཆེད་དུ་བེད་སྤྱོད་མི་ཆོག

གྲོས་ཆོད།༤༽ ཆབ་སྲིད་ཀྱི་ལས་གནས་ལ་འཚང་མཁན་སྐྱེ་བོ་ཆེ་ཕྲ་སུས་ཀྱང་མི་མང་གིས་རང་ཉིད་ལ་རྒྱབ་སྐྱོར་འོས་འཕེན་གནང་རོགས། ཞེས་རེ་བསྐུལ་ཁྱབ་བསྒྲགས་ལས་འགུལ་སྤེལ་ཆེད་དུ་དམིགས་ནས་གདན་ས་དང་བཤད་གྲྭ་ཁག་ཏུ་ཡོད་པའི་སློབ་གྲྭ་དང་། ཚོགས། ཆོས་ར་བཅས་གུང་གསེང་གཞག་མི་ཆོག

གྲོས་ཆོད། ༩༽ དགེ་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམ་པས་མི་མང་གི་ངོ་ཚབ་སྤུས་ཚད་ལྡན་པ་མཚོན་ཐུབ་པ་བྱས་ཏེ། རང་ཚུགས་བརྟན་པོས་༧གོང་ས་ཆེན་པོ་མཆོག་གི་བཀའ་དགོངས་ཁག་དང་། བོད་དང་བོད་མི་ཡོངས་ཀྱི་བདེ་དོན་འབའ་ཞིག་བསམ་དགོས་པ་ལས། ཆོལ་ཁ་དང༌། ཆོས་བརྒྱུད། ལུང་ཚན་གྱི་ཕྱོགས་འཐེན་སོགས་ཀྱིས་མཚོན། ཚོགས་སྡེ་དང་སྒེར་སོགས་གཞན་གྱི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུ་གཏན་ནས་བྱེད་མི་ཆོག དེའི་ཕྱིར་ད་ནས་ བཟུང་མང་མོས་འདེམས་ཐོན་བྱུང་བའི་དགེ་ལུགས་སྤྱི་འཐུས་སུ་ཡིན་ཡང་། དགེ་ལུགས་སྤྱི་འཐུས་སུ་འདེམས་ཐོན་བྱུང་རྗེས་ཐོག་མར་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོ་སོར་མཇལ་ཁ་ཞུས་ཏེ། ད་ནས་བཟུང་རང་ཉིད་ཀྱིས་དགེ་ལུགས་སྤྱི་འཐུས་ཀྱི་ལས་འགན་ཁག་མིང་དོན་མཚུངས་པའི་རང་ཚུགས་བརྟན་པོ་བཟུང་ནས། ཆོས་ལུགས་དང་། ཆོས་བརྒྱུད་ཀུན་ལ་འདྲ་མཉམ་གུས་བཀུར་གྱིས། ྋགོང་ས་ཆེན་པོ་མཆོག་གི་བཀའ་དགོངས་ཁག་དང་འགལ་མེད་བསྒྲུབ་རྒྱུར་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ལས། ཆོལ་ཁ་དང༌། ཆོས་བརྒྱུད། ལུང་ཚན་ཕྱོགས་འཐེན་སོགས་ཀྱིས་མཚོན། ཚོགས་སྒེར་སོགས་གཞན་སུ་ཞིག་གི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་གཏན་ནས་མི་འགྱུར་བའི་ཁས་ལེན་སྙན་གསོལ་ཞུ་དགོས་ཤིང་། དེ་ནས་བཟུང་དགེ་ལུགས་སྤྱི་འཐུས་ལས་ཐོག་གི་དུས་ཡུན་རིང་ལ་སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཆོས་རྗེ་རྣམ་གཉིས་སོ་སོའི་སར་ཡང་ཡང་མཇལ་བཅར་གྱིས། དེ་ལུགས་སྤྱི་འཐུས་ཀྱི་ལས་འགན་ཇི་སྒྲུབ་སྐོར་སྙན་གསོལ་དང་འབྲེལ། བླངས་དོན་ལམ་སྟོན་བཀའ་ཡང་ཡང་ངེས་པར་ཞུ་དགོས།