བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༨ ཕྱི་ལོ་ ༢༠༢༠/༠༤/༡༥
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དཀའ་ངལ་ཅན་དང་། རང་བྱུང་གི་གནོད་འཚེ་སོགས་ཕོག་སྐབས་ལག་པ་འཛེད་ཡུལ་གཙོ་བོ་ཞིག་རིས་མེད་ཀྱི་དགོན་སྡེ་ཁག་ཡིན་ལ། ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ལས་ཀ་བྱེད་མཁན་དག་གིས་ཀྱང་ལག་པ་འཛེད་ཡུལ་ནི་དགོན་སྡེ་ཁག་ཡིན། དགོན་སྡེ་ཁག་གི་ངོས་ནས་ཀྱང་དེ་ནི་འོས་པ་ཞིག་ཡིན་པ་མ་ཟད། དགོན་སྡེ་ཁག་གི་འགན་ཁུར་ཞིག་ཏུ་གྱུར་ཡོད་སྙམ་པ་ནི་ད་ལྟའི་ཆར་གོམས་གཤིས་ལྟ་བུར་གྱུར་ཡོད། བོད་མི་སུ་ཞིག་ལ་དཀའ་ངལ་འཕྲད་ཡོང་བའི་སྐབས། དང་བླང་མགྲིན་ཚབ་པ་དག་གིས་དང་པོ་ཁ་རྡུང་གཏོང་ཡུལ་བཙན་བྱོལ་བོད་གཞུང་གིས་གཟིགས་རྟོགས་མ་གནང་རབས་དང་། དེ་ནས་དགོན་སྡེ་ཁག་གིས་རྒྱས་སྤྲོས་བྱེད་བསྡད་པ་ལས་མི་མང་ཉམ་ཆུང་ལ་ཕན་ཐོགས་མེད་པའི་ལྟ་ཚུལ་དེ་བརྗོད་ཡོང་གི་ཡོད། དེ་ལ་བོད་པའི་རིག་གཞུང་དང་ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པའི་གནད་དོན་གལ་ཆེན་ཞིག་ཡོད་ལ། ཕྱོགས་གཅིག་ནས་བསམ་ཚུལ་འདི་ནི་ཏོག་དབྱིབས་ནད་དུག་ལས་ཀྱང་ཚབས་ཆེ་བར་ངོས་འཛིན་བྱེད་ཆོག།
བོད་ཕྱི་ནང་གཉིས་སུ་ལྟོགས་སད་པའམ། རྟོགས་སད་པ་ཡིན་ཟེར་མཁན་དག་གིས་དགོན་སྡེ་ཁག་མི་མང་གི་ཁུར་པོ་ཡིན་ཚུལ་དང་། དགེ་འདུན་པའི་སྡེ་ནི་སྤྱི་ཚོགས་ཀྱི་ཁུར་པོ་རེད་ཅེས་ཕྱོགས་གང་སར་སྐད་ཅོར་རྒྱག་མཁན་ཡོད། བོད་ནང་གི་གནས་སྟངས་སྐབས་འདིར་མི་གླེང་ཞིང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་རིས་མེད་ཀྱི་དགོན་སྡེ་ཁག་གི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་སོང་བའམ། དགེ་འདུན་པའི་སྡེ་ཇི་ལྟར་ཡར་རྒྱས་སུ་སོང་ཡོད་ཀྱང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་དེ་ལ་ཁུར་ག་ཚོད་ཙམ་བླངས་ཡོད་མེད་དང་། ནུས་པ་ཅི་ཙམ་ཐོན་ཡོད་མེད་ནི་བསམ་བློ་གཏོང་དགོས་པ་ཞིག་རེད། ད་ལྟའི་ཆར་མོན་གྷོ་འདོད་རྒུ་གླིང་ལྟ་བུ་གཞིས་ཆགས་ཆེ་ཤོས་གྲས་ཡིན་པ་དང་། དགའ་ལྡན་དང་། འབྲས་སྤུངས་ལྟ་བུའི་གདན་ས་ཆེན་པོ་གཉིས་ཡོད་པ་མ་ཟད། རྙིང་མ་དང་། ས་སྐྱ་བཀའ་བརྒྱུད་བཅས་རིས་མེད་ཀྱི་དགོན་སྡེ་མང་པོ་ཡོད་ཀྱང་། ས་གནས་དེའི་མི་མང་གི་ངོས་ནས་དགོན་སྡེ་ཁག་ལ་ཞབས་ཕྱི་རྒྱ་ཆེན་པོ་ཞུས་པའི་ལོ་རྒྱུས་གོ་མ་མྱོང་ལ། ད་ལྟའི་ཆར་དེ་བས་ཀྱང་མེད།
དེ་བཞིན་སྦེ་ལ་ཀོ་པི་རུ་གཞིས་ཆགས་ཆེ་གྲས་གཉིས་ཡོད་པ་དང་། ས་གནས་དེར་གདན་ས་སེ་ར་དགོན་དང་། རྙིང་མའི་གདན་ས་རྣམ་གྲོལ་གླིང་གིས་གཙོས་དགོན་སྡེ་ཆེ་ཆུང་མང་པོ་ཞིག་ཡོད་ཀྱང་། མི་མང་གིས་ངོས་ནས་དགོན་སྡེ་དེ་དག་ལ་ཞབས་འདེགས་ག་ཚོད་ཙམ་ཞུས་ཡོད་མེད་དང་། དགོན་སྡེ་དེ་དག་གི་དགེ་འདུན་པའི་ཡོང་ཁུངས་ཀྱི་ངོས་ནས་བསམ་བློ་བཏང་ཡང་། ས་གནས་སོ་སོའི་མི་མང་གི་ནང་ནས་ཡོང་བ་ནི་སྲིད་མཐའ་མ་བཀག་ཙམ་ཞིག་དང་། དཔལ་འབྱོར་གྱི་ཐོག་ནས་ཀྱང་དེ་དང་གཅིག་མཚུངས་སུ་གྱུར་ཡོད། གོང་གསལ་མོན་གྷོ་དང་། སྦེལ་ཀོབ་གཉིས་ནི་དཔེ་མཚོན་ཙམ་ཡིན་པ་ལས་ས་གནས་གཞན་ཡང་དེ་དང་གཅིག་པ་ཡིན། དེར་བརྟེན་དགོན་སྡེ་ཁག་གི་དཔལ་འབྱོར་དང་འཛིན་སྐྱོང་ཡར་རྒྱས། དགེ་འདུན་པའི་སྡེ་འཕེལ་ནས་ཐོས་བསམ་གྱི་བྱ་བ་རྒྱ་ཆེན་པོར་འགྱུར་བཞིན་ཡོད་ན། བཙན་བྱོལ་ཁྲོད་ཀྱི་མི་སྐྱ་ཁག་གིས་དེ་ལ་རྗེས་སུ་ཡི་རངས་ཙམ་ཞུ་བ་ལས། ང་ཚོ་མི་སྐྱའི་ངོས་ནས་གཞན་ཞབས་འདེགས་ཤིག་བསྒྲུབ་ཐུབ་ཀྱི་མེད་པ་དེ་ཧ་ཅང་གསལ་པོ་རེད།
ད་དུང་ཆོས་ཕྱོགས་ནས་བཤད་ན་དགེ་འདུན་པ་ལ་དབང་བའི་རྒྱུ་ནོར་ནི་དཀོར་འབའ་ཞིག་ཡིན་པས། སྟོན་པ་སངས་རྒྱས་དང་རིས་མེད་ཀྱི་སྐྱེས་ཆེན་མང་པོས་དཀོར་ནི་ལྕགས་ཀྱི་རིལ་བུ་དང་འདྲ་ཞིང་། དེ་ཟ་བར་ཁྲོ་ཡི་འགྲམ་པ་དགོས་ཞེས་གསུངས་ཡོད། དཀོར་ལ་དབང་བ་ནི་རིགས་གྲོལ་གྱི་ཡོན་ཏན་དང་ལྡན་པ་མཆོག་དང་། མིན་ཡང་སྤོང་ཀློག་ལ་བརྩོན་བཞིན་པ་དག་ལས་མི་དབང་བར་གསུངས་པ་ཞིག་ཡིན། དཀོར་ལ་མི་དབང་བའི་མིས་དཀོར་ཟོས་ན་ཁྲོ་ཆུ་ཁོལ་མ་ཁོག་ཏུ་སོང་བ་ལྟ་བུའི་སྡིག་པ་དང་ཉེས་དམིགས་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་སངས་རྒྱས་ཀྱིས་ཞལ་ནས་མང་པོ་གསུངས་ཡོད། འདི་དག་ནི་གཞུང་ལུགས་ཀྱི་སྐད་ཆ་ཙམ་མ་ཡིན་པར་སྟོན་པ་སངས་རྒྱས་ཀྱི་བཀའ་ཚད་མ་ཡིན་པས། ནང་པ་སངས་རྒྱས་པའི་རྗེས་འཇུག་ཏུ་རློམ་པ་ཞིག་གི་ངོས་ནས་བསམ་བློ་བཏང་ན་ངེས་པར་ལག་བསྟར་བྱེད་དགོས་པ་ཞིག་རེད། འོན་ཀྱང་གནད་དོན་དེ་ཇི་བཞིན་ཤེས་མཁན་ཡང་ཁྱིམ་པ་མི་ནག་གི་ཁྲོད་དུ་ཧ་ཅང་དཀོན་ན། ལག་ལེན་དུ་འདེབས་ཐུབ་མཁན་ནི་དེ་བས་ཀྱང་མེད།
མདོར་ན་རིས་མེད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པའི་འཚོ་བ་ནི། བླ་སྤྲུལ་དང་། མཁན་པོ་དགེ་བཤེས་དག་གིས་གཙོ་ཆེ་བ་སྤྱི་ཚོགས་གཞན་ནས་ཐབས་འཚོལ་གནང་གི་ཡོད་པ་དང་། རིས་མེད་ཀྱི་དགོན་སྡེ་མང་པོ་ཞིག་གིས་ཟ་ཁང་དང་། ཚོང་ཁང་། མགྲོན་ཁང་སོགས་ལ་བརྟེན་ནས་ཀྱང་དགེ་འདུན་པའི་འཚོ་བའི་མཐུན་རྐྱེན་སྦྱོར་ཐབས་གནང་གི་ཡོད་པ་ལས། བཙན་བྱོལ་བོད་མི་མི་རེ་ངོ་རེ་བཞིན་དགེ་འདུན་པའི་འཚོ་བ་ལ་ཕན་པ་དང་། དགོན་སྡེའི་འཛུགས་སྐྲུན་ལ་ཕན་པ་ག་རེ་བྱས་ཡོད་པ་ནི་རང་སེམས་ན་གསལ་པོ་རེད། གོང་དུ་བརྗོད་པ་བཞིན་དགེ་འདུན་པའི་དཀོར་ནི་རང་རེ་མི་སྐྱ་ཕོ་མོ་དག་གིས་ཇི་དགར་ཟ་རུང་བ་ཞིག་མིན་ལ། དགོན་པ་དག་ཡར་རྒྱས་སོང་བ་དེར་ཡང་ཁ་རྡུང་གཏོང་འོས་པ་ཞིག་ཀྱང་མིན་པར། འབྲེལ་ཡོད་ལས་སྣེ་དག་གིས་འབད་བརྩོན་ཆེན་པོ་བྱས་པའི་འབྲས་བུ་ཉག་གཅིག་ཏུ་གྱུར་ཡོད། དགོན་སྡེ་དག་གིས་མར་གནང་ཡོང་ནའང་ལེན་རུང་དང་མི་རུང་བསམ་བློ་གཏོང་དགོས་པ་ལས། དགོན་སྡེ་ཁག་ལ་དབུལ་ཕྱུག་ཚང་མས་ལག་པ་འཛེད་ཆོག་ཆོག་ཅིག་གཏན་ནས་མིན།།