དངུལ་ལོའི་གསར་བརྗེས་རྒྱ་གར་གྱི་དཔལ་འབྱོར་ཉམས་ཆགས་བཏང་འདུག་ཟེར།

དངུལ་ལོའི་གསར་བརྗེ་ལ་བརྟེན་ནས་རྒྱལ་དམངས་དཔལ་འབྱོར་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་བ་རེད་ཅེས་རྒྱ་གར་གཞུང་གི་དཔལ་འབྱོར་རིག་པའི་ལམ་སྟོན་པ་གཙོ་བོ་ཨར་ཝིན་ཌི་སབ་ར་མ་ནི་ཡན་གྱིས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡ ཉིན་སྦི་སྦི་སིའི་གསར་ཁང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་དཔལ་འབྱོར་ཉམས་ཞིབ་ཚན་པས་དངུལ་ལོའི་གསར་བརྗེའི་ལས་འགུལ་གྱི་རྐྱེན་པས། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་སྐྱོ་རུ་ཕྱིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། དེ་བཞིན་སྔ་ལོའི་རྒྱ་གར་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་གྱི་འཕར་ཚད་བརྒྱ་ཆ་༧.༦ ཡིན་ན་འང་། འདི་ལོར་དངུལ་ལོའི་གསར་བརྗེ་རྐྱེན་པས་བརྒྱ་ཆ་༦.༥ ལ་མར་ཆགས་སྲིད་པའི་ཚོད་དཔག་བྱས་ཡོད་འདུག ཚོད་དཔག་དེ་ནི་གཙོ་ཆེར་སྔར་ལོར་རྒྱ་གར་ནང་དངུལ་ལོའི་གསར་བརྗེ་མ་བྱུང་གོང་གི་དན་གྲངས་ལ་གཞི་བཞག་པ་ཞིག་ཡིན་འདུག་ལ། དངུལ་ལོའི་གསར་བརྗེའི་རྗེས་ཀྱི་དན་གྲངས་ལ་གཞི་གཙོ་བོར་བཞག་ནས་ཚོད་དཔག་བྱས་ན་དེ་ལས་སྐྱོ་བ་ཡོང་སྲིད་སྐོར་འདུག

སྔ་ལོའི་ཕྱི་ཟླ་༡༡ པའི་ཕྱི་ཚེས་༨ ནས་བཟུང་། སྲིད་བློན་མོ་ཌི་ཡིས་ལྐོག་ཟ་རུལ་སུངས་ལ་བརྟེན་ནས་བྱུང་བའི་ཁྲིམས་འགལ་གྱི་དངུལ་ནག་པོ་དང་། དེ་བཞིན་ཁྲལ་ཏག་ཏག་མ་འཇལ་ནས་དངུལ་དམར་ལག་ཏུ་འཛིན་མཁན་གྱི་ཁྲིམས་འགལ་བཅས་མེད་པ་བཟོ་ཐབས་སུ། ཆིག་སྟོང་ལོ་དང་ལྔ་བརྒྱ་ལོ་གཉིས་མེད་པ་བཟོས་པ་དེས། མི་མང་ལ་དངུལ་འདང་ངེས་མ་རག་པ་བྱུང་ནས་མི་སྒེར་དང་ཚོང་དོན་བཅས་ལ་གྱོང་གུན་བཟོས་ཡོད་ནའང་།

རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཨ་རུན་ཇེ་ཏི་ལིས་འདི་ལོའི་ཕྱི་ཟླ་༣ པ་ནས་བཟུང་། དངུལ་དམར་གྱི་དཀའ་ངལ་དེ་མེད་པ་ཆགས་ནས་སྔར་རྒྱུན་བཞིན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག དེ་བཞིན་རྒྱ་གར་གཞུང་གི་དཔལ་འབྱོར་རིག་པའི་ལམ་སྟོན་པ་གཙོ་བོ་ཨར་ཝིན་ཌི་སབ་ར་མ་ནི་ཡན་གྱིས་ “དངུལ་ལོའི་གསར་བརྗེས་མི་མང་གི་ཚོང་ལས་ཀྱི་འདུན་པ་བཀག་པ་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་སྐྱོ་རུ་ཕྱིན་པ་རེད་”ཅེས་དང་། ཡང་ཁོང་གིས་”དངུལ་ལོར་གསར་བརྗེ་ལ་བརྟེན་ནས་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་བ་རེད་”ཅེས་བརྗོད་ཡོད་འདུག

དེ་སྔོན་རྒྱ་གར་གཞུང་གིས་དངུལ་ཁང་ནང་དངུལ་སྔར་ལས་ལྷག་པ་འཇུག་ཐུབ་པ་བྱུང་ཡོད་སྐོར་དང་། དེ་ལ་བརྟེན་ནས་དཔྱ་ཁྲལ་བསྡུ་ལེན་གྱི་ཚད་འཕར་བ་བཅས་བྱུང་བ་བརྗོད་ནས། དངུལ་ལོའི་གསར་བརྗེ་དེ་ལེགས་འགྲུབ་བྱུང་ཡོད་ཚུལ་བསྒྲགས་ཡོད་ཀྱང་། ད་ཐེངས་(IDBI)ཞེས་པའི་རྒྱ་གར་གཞུང་འབྲེལ་གྱི་དངུལ་ཁང་གི་ལས་བྱེད་གཙོ་གྲས་ཨ་ནི་ཤི་ཤྲི་ཝ་ཏ་ཝས་  “བལྟ་ཞིབ་བརྒྱུད་དངུལ་ལོར་གསར་བརྗེའི་སྡུག་ཕྱོགས་ཀྱི་ཤུགས་རྐྱེན་ཧ་གོ་ཐུབ་པ་བྱུང་བ་དེ་ཧ་ཅང་གིས་ཡག་པོ་བྱུང་བ་རེད་”ཅེས་བརྗོད་ཡོད་འདུག དེ་སྔོན་དངུལ་ལོའི་གསར་བརྗེའི་སྐྱོན་ཆར་ངོས་ལེན་རྩ་བ་ནས་བྱས་མེད་པ་ཡིན་ཡང་། ད་ཐེངས་གཞུང་གིས་དངུལ་ལོའི་གསར་བརྗེ་ལ་བརྟེན་ནས་སྐྱོན་ཆ་བྱུང་ཡོད་པ་ངོས་ལེན་བྱས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།