དཔལ་ལྡན་ཚོགས་གཙོ་ནས་རིགས་ལམ་འདུ་འཛོམས་ཀྱི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་འདུག

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༢༥ ཟླ་༨ པའི་ཚེས་༡༨ ནས་༢༥ བར་ཅོན་ཏ་རཱ་བོད་ཁྱིམ་སློབ་གྲྭར་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཞིག་གོ་སྒྲིག་ཞུས་པའི་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་འདུག
ཕྱི་ཚེས་༢༧ ཉིན་བོད་མིའི་སྒྲི་འཛུགས་ཀྱི་དྲྭ་རྒྱ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། ཕྱི་ཚེས་༢༥ ཉིན་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོགས་ཀྱི་མཇུག་བསྡོམས་མཛད་སྒོའི་ཐོག་ཕེབས་ཡོད་འདུག་ཅིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་ནས་རིགས་ལམ་འདུ་འཛོམས་དང་འབྲེལ་ནས་གསུང་བཤད་གནང་དོན་ལ། རིགས་ལམ་འདུ་འཛོམས་ཆེན་མོ་དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལག་བསྟར་གནང་བ་ཞིག་ཆགས་ཀྱི་ཡོད་ཅིང་། དེ་ཡང་ཕྱི་ལོ་༢༠༠༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རིག་གི་ཚོགས་ཆེན་དབུ་འབྱེད་མཛད་སྒོ་ཞིག་གི་ཐོག་ལ་བཀའ་སློབ་ཕེབས་སྐབས། དེང་དུས་ཀྱི་ཤེས་ཡོན་ནང་རིགས་ལམ་སློབ་ཁྲིད་ཀྱི་ཐོག་ནས་ལེགས་སྐྱེས་འབུལ་རྒྱུར་རྣམ་པ་ཚོས་གོ་བསྡུར་གནང་དགོས་པའི་བཀའ་ཕེབས་སོང་། ཕྱི་ལོ་༢༠༡༢ ལོར་དངོས་སུ་འགོ་བཙུགས་པ་ནས་ད་བར་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམ་པ་འདུ་འཛོམས་གནང་བའི་ཐོག་ནས་རིགས་ལམ་རྩོད་རེས་བྱེད་བཞིན་ཡོད་པ་རེད།
རིགས་ལམ་ཞེས་པ་དེ་གཙོ་བོ་ཁུངས་འདྲ་ཞིག་གཏུགས་ཡོང་དུས་ཚད་མ་རིག་པ་ཆགས་བསྡད་ཡོད་རེད། སྤྱིར་བཏང་རྒྱུ་མཚན་ཞིབ་འཇུག་བྱས་ནས་དངོས་པོའི་གནས་ཚུལ་རྟོགས་རྒྱུའི་ཆེད་དུ་མཁས་པ་རྣམས་ཀྱིས་ཐབས་ལམ་སྣ་ཚོགས་པ་མང་པོ་ཞིག་བཏོན་ཡོད་རེད། ང་ཚོའི་ཚད་མ་རིག་པ་དེ་ཐོག་མར་རྒྱ་གར་འཕགས་པའི་ཡུལ་ལ་དབུ་བརྙེས་ཤིང་། ནང་པའི་གཞུང་གི་ཐོག་ནས་བཤད་པ་ཡིན་ན། བདག་ཅག་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་མདོ་སྡེ་དེ་ཚོ་ལུང་དྲངས་ནས་ཚད་མའི་གཞུང་ཞིག་ཟུར་དུ་མེད་ནའང་། སངས་རྒྱས་ཀྱི་གསུང་མདོ་སྔགས་རྣམས་རྒྱུ་མཚན་གྱི་ཐོག་ནས་འགྲེལ་བཤད་གནང་རྒྱུ་ཡོད་པ་ཚད་མ་རིག་པའི་ནང་དོན་ཆ་ཚང་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཚོར་གཞི་བཅོལ་ནས་དངོས་སུ་ཚད་མའི་གཞུང་བྱུང་སྟངས་ནི། སློབ་དཔོན་ཕྱོགས་གླང་དང་། སློབ་དཔོན་ཆོས་གྲགས་སྐབས་ནས་མར་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་དང་། སློབ་དཔོན་དབྱིག་གཉེན་གྱི་རང་ལས་ལྷག་པའི་དངོས་སློབ་བཞི་ལས་ཚད་མ་རང་ལས་ལྷག་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆགས་བསྡད་ཀྱི་ཡོད། ཡོངས་གྲགས་སུ་སློབ་དཔོན་དབྱིག་གཉེན་དུས་རབས་ལྔ་པའི་ནང་བྱོན་པར་ངོས་འཛིན་བྱེད་ཀྱི་ཡོད་པར་གཞིགས་ན། སློབ་དཔོན་དབྱིག་གཉེན་གྱི་ཞབས་ཟིན་པའི་སློབ་དཔོན་ཕྱོགས་གླང་ཀྱང་དུས་རབས་ལྔ་པའི་ནང་བྱོན་པར་ངོས་འཛིན་བྱེད་ན་འགྲིག དུས་ཚོད་གཅིག་ལ་དཔལ་ན་ལེནྜ་ནང་ལོགས་ལ་ཕྱི་རོལ་པའི་རྩོད་པ་རྩོད་མཁན་མང་པོ་ཞིག་བྱུང་ཡོང་དུས། སློབ་དཔོན་ཕྱོགས་གླང་གདན་འདྲེན་ཞུ་དགོས་པའི་གནས་སྟངས་ཆགས་ཤིང་། དེ་ཡིན་དུས་སྤྱིར་བཏང་ཚད་མ་རིག་པའི་རྟོག་གེ་བའི་གཏན་ཚིགས་དེ་ཚོ་ནང་པའི་ལྟ་གྲུབ་ནང་གསལ་ཁ་མ་བྱུང་བའི་གོང་ནས་ཕྱི་རོལ་རྒྱང་འཕེན་པ་དེ་ཚོའི་ནང་བྱུང་ཡོད་པ་གསལ་པོ་རེད་འདུག ན་ལེནྜ་ནང་ལོགས་ལ་ཕྱི་རོལ་པའི་རྩོད་པ་རྩོད་མཁན་མང་པོ་ཞིག་སླེབས་དུས། རྒྱ་གར་ཤར་ཕྱོགས་ཨུ་ཌི་ཤ་ནས་སློབ་དཔོན་ཕྱོགས་གླང་གདན་འདྲེན་ཞུས་རྗེས། རྩོད་པ་བརྩད་ནས་ཕྱི་རོལ་པ་རྣམས་ལྡོག་པ་བྱས་ཏེ་ནང་པའི་ཆོས་སུ་ཞུགས་དགོས་བྱུང་། དེ་རྗེས་རྒྱ་གར་ཤར་ཕྱོགས་ཨུ་ཌི་ཤ་ལ་ཕེབས་ཏེ་སྤྱིར་ཚད་མའི་བསྟན་བཅོས་བརྒྱ་རྩ་བརྩམས་ཡོད་པ་དང་། དེ་རྣམས་ཚུར་བསྡུས་ནས་ཚད་མ་ཀུན་བཏུས་ཞེས་པ་བརྩམས་ཤིང་། དེའི་མཆོད་བརྗོད་ནང་། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། ། ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། ། མཆོད་བརྗོད་དང་། རྩོམ་པར་དམ་བཅའ་བ་བཅས་གཉིས་ཀ་ཤོ་ལ་ཀ་འདིའི་ནང་ཡོད་རེད། དང་པོ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལ་མཆོད་པར་བརྗོད་པ་དང་། ཁོང་གིས་བརྩམས་ཆོས་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཤིག་རྩོམ་པར་དམ་བཅའ་རྡོ་ཐལ་གྱི་བྲིས་ནས་བཞག་གི་ཡོད་པར། སློབ་དཔོན་བསོད་སྙོམས་ལ་ཕེབས་དུས། ཕྱི་རོལ་པ་ནག་པོ་ཆེན་པོ་ཞེས་པ་སླེབས་ནས་རྡོ་ཐལ་གྱི་བྲིས་པ་དེ་བསུབས་ནས། སྐབས་དེ་དུས་མཆོད་བརྗོད་བྲིས་ཡོང་དུས་རྟགས་མཚན་བཟང་པོ་ཞིག་བྱུང་ཡོད་རེད་ཅེས་བརྗོད་སྲོལ་འདུག མུ་སྟེགས་པས་ཕྲག་དོག་དྲི་མའི་དབང་གིས་ཚར་གཉིས་བསུབས་ཡོང་དུས། སློབ་དཔོན་གྱིས་ཁྱེད་རང་དོན་དག་གི་ཐོག་ནས་འགྲིག་གི་མེད་པ་ཡིན་ན། ཁྱེད་རང་གི་གཟུགས་ཚུར་མངོན་ནས་ཕེབས་ཤོག དེ་རྗེས་མུ་སྟེགས་ནག་པོ་ཆེན་པོ་ཚར་བཅད་དེ། ཡུལ་ལྷོ་ཕྱོགས་སོགས་ལ་ཕེབས་ནས་ནང་པ་སངས་རྒྱས་པའི་ཆོས་ཤིན་ཏུ་དར་བ་མཛད་པ་མ་ཟད། ཚད་མ་ཀུན་བཏུས་ཞེས་པའི་ཚད་མའི་གཞུང་དེ། སློབ་དཔོན་ཕྱོགས་གླང་གིས་བརྩམས་པ་ཞིག་ཆགས་བསྡད་ཡོད་པ་དང་། རིགས་ལམ་གྱི་འབྱུང་ཁུངས་གཅིག་དེ་འདྲ་ཆགས་ཀྱི་ཡོད་རེད།
དེ་ནས་སློབ་དཔོན་ཕྱོགས་གླང་གི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་ཆགས་བསྡད་ཀྱི་ཡོད་པ་དང་། སློབ་དཔོན་ཆོས་གྲགས་ནི་སློབ་དཔོན་དབང་ཕྱུག་སྡེའི་དངོས་སློབ་ཆགས་བསྡད་ཀྱི་ཡོད་རེད། ཉམས་ཞིབ་བྱས་པར་གཞིགས་ན། སློབ་དཔོན་ཆོས་ཀྱི་གྲགས་པ་དེ་བཞིན་དུས་རབས་བདུན་པའི་སྐབས་སུ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། སློབ་དཔོན་དབང་ཕྱུག་སྡེའི་དྲུང་ནས་སློབ་དཔོན་ཆོས་གྲགས་ཀྱིས་ཚད་མ་ཀུན་བཏུས་ཐེངས་གསུམ་ཙམ་གསན་པ་དང་། ཚར་དང་པོ་གསན་ཡོང་དུས། ཚད་མའི་ནང་དོན་རྟོགས་པ་དང་། ཚར་གཉིས་པ་གསན་པའི་སྐབས་སློབ་དཔོན་དབང་ཕྱུག་སྡེའི་དགོངས་ཚུལ་ལས་ལྷག་པ་བྱུང་བ། ཚར་གསུམ་པ་གསན་ཡོང་དུས་སློབ་དཔོན་དབང་ཕྱུག་སྡེ་ཡིས་མ་རྟོགས་པ་མང་པོ་ཞིག་སློབ་དཔོན་ཆོས་གྲགས་ཀྱིས་རྟོགས་ཡོང་དུས། སློབ་དཔོན་དབང་ཕྱུག་སྡེ་ཡིས། ངས་བསྟན་པའི་ལོག་པ་དེ་ཚོ་ཚར་བཅད། ཁྱེད་རང་གིས་གཞུང་ལུགས་བྲིས་ཅེས་མར་བསྐུལ་མ་གནང་ཡོང་དུས། ཚད་མ་སྡེ་བདུན་བརྩམས་པ་དང་། དེའི་ནང་གི་ཚད་མ་རྣམ་འགྲེལ་ལྟ་བུར་ཆ་བཞག་ན་རང་དོན་རྗེས་དཔག་གི་ལེའུ་དང་། ཚད་མ་གྲུབ་པའི་ལེའུ། མངོན་སུམ་གྱི་ལེའུ། གཞན་དོན་གྱི་ལེའུ་བཅས་ལེའུ་བཞི་དང་། ལེའུ་དང་པོའི་ནང་། །ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། དེ་ནས་འཕྲོས་ཏེ་ང་ཚོས་རྟགས་གསལ་རྩོད་རྒྱུ་དེ་ཡོང་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། དེ་ནི་རྒྱ་གར་འཕགས་པའི་ཡུལ་ལ་ཚད་མའི་འབྱུང་རིམ་འདྲ་ཞིག་ཆགས་ཡོད་རེད།
ང་ཚོ་བོད་ལ་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་དུས་སུ། མཁན་ཆེན་བོ་ངྷི་ས་ཏྭ་ནི་ཚད་མར་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་དང་། ཚད་མ་དེ་ཁོ་ན་ཉིད་ཅེས་པ་བརྩམས་པ་དང་། དེའི་ཐོག་ཁོང་གི་དངོས་སློབ་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིས་རང་འགྲེལ་བྲིས་ནས་ཚད་མ་དར་ཞིང་རྒྱས་པ་བྱུང་འདུག སྐབས་དེ་དུས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་བཀའ་ཡང་དག་པའི་ཚད་མ་ཞེས་པ་ཞིག་བྲིས་ཡོད་ཅིང་། དེ་ནི་བོད་མི་ཞིག་གིས་ཚད་མའི་སྐོར་བརྩམས་པ་ཐོག་མ་དེ་ཆགས་ཀྱི་ཡོད་རེད། དུས་རབས་བཅུ་གཅིག་པའི་འགོ་སྟོད་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་ཕེབས་པའི་སྐབས་སུ་ཇོ་བོ་རྗེའི་སློབ་མ་ཁུ་རྔོག་འབྲོམ་གསུམ་བྱུང་བ་དང་། རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་དགོན་པ་ཕྱག་བཏབ། དེའི་ནང་ལོགས་ལ་གོ་རིམ་ལྟར་ཞུས་པ་ཡིན་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་། ས་སྐྱ་པཎྜི་ཏ། རྗེ་ཙོང་ཁ་པ་བཅས་ཡོངས་གྲགས་ལ་གངས་ཅན་འཇམ་དབྱངས་རྣམ་གསུམ་ཞེས་འབོད་ཀྱི་ཡོད་རེད། སྐབས་དེ་དུས་ཀྱི་མཁས་པ་མང་བ་ཞིག་གསང་ཕུ་ནེའུ་ཐོག་ཆོས་རྭར་ཕེབས་ནས་གྲྭ་སྒོར་མཛད་ནས། ཚད་མ་དང་། གཞུང་བཀའ་པོད་ལྔ་ལ་གསན་བསམ་གནང་སྟེ། བོད་ལ་ཤིན་ཏུ་ནས་དར་རྒྱས་ཆེན་པོ་བྱུང་བ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེའི་རྗེས་སུ་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་བརྩམས་པ་དང་། ཁོང་གི་སློབ་མ་གྲོ་ལུང་པ་དང་། དེའི་སློབ་མ་ཕྱྭ་པ་ཆོས་ཀྱི་སེངྒེ་ཞེས་བྱུང་བ་གསང་ཕུའི་མཁན་པོ་ཡུན་རིང་ཤོས་གནང་མཁན་ཞིག་ཆགས་ཀྱི་ཡོད་པ་ཁོང་གིས་བསྡུས་གྲྭ་ཞེས་པ་དེ་སྲོལ་གཏོད་ཡོད་པ་རེད། རྣམ་པ་ཚོ་ད་གིན་རྩོད་པ་བརྩད་གནང་སོང་། བསྡུས་ཚན་མི་འདྲ་བ་བཅོ་བརྒྱད། ཉེར་ལྔ། ཉེར་བདུན་སྒྲིག་མཁན་ཡོད་རེད། བསྡུས་ཚན་ཟེར་ན་རིག་པ་མི་འདྲ་བ་ཚན་པ་བཟོས་ནས་བསྒྲིགས་པ་ལ་གོ་དགོས། དཔེར་ན་ཁ་དོག་དཀར་དམར་དང་། སྤྱི་བྱེ་བྲག རྒྱུ་འབྲས་ཆེ་བྱུང་། མཚན་མཚོན། ཡིན་ལོག་མིན་ལོག རྫས་ལྡོག ཁྱབ་པ་སྒོ་བརྒྱད་སོགས་བསྡུས་ཚན་མ་འདྲ་བ་ཡོད་རེད།

ཚད་མ་རིག་པ་དེ་རྒྱ་གར་དང་། བོད་ལ་དར་དགོས་པའི་རྒྱུ་མཚན་ནི། ཤེས་བྱའི་གནས་རྣམས་རྒྱུ་མཚན་གྱི་ཐོག་ནས་རྟོགས་པ་དང་འགྲེལ་བཤད་གནང་ཐུབ་པ་ཆགས་ཀྱི་ཡོད། གོང་དུ་ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་ནས་གསུངས་པ་ལྟར་རེད། སློབ་ཕྲུག་ལ་རིགས་ལམ་བསླབ་ནས་ནང་ཆོས་ཤེས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་ཐག་ཆོད་པའི་ཐོག་ནས་གསུངས་པ་དང་། ཡིན་ནའང་ཚན་རིག་དང་། ཨང་རྩིས་སློབ་ཚན་སོགས་ལ་སྦྱར་ནས་རིགས་ལམ་བརྩད་ནས་ཕན་ཐོགས་ཇི་བྱུང་ཤེས་རྟོགས་ཁག་པོ་བྱུང་སྐོར་གསུངས་སོང་། ཚད་མ་རིག་པའི་ཐོག་ནས་གཞུང་ཆེན་སློབ་གཉེར་གནང་རྒྱུར་ཕན་ཐོགས་ཐུབ་ཀྱི་ཡོད་པ་དྲི་བ་མེད་པ་འདྲ་པོ་རེད། མཁན་ཆེན་ཞི་བ་འཚོས་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་དབུ་མ་རྒྱན་གྱི་ནང་དོན་རྟོགས་ཐུབ་རྒྱུར་ཚད་མའི་འགྲོ་སྟངས་ཤེས་དགོས་ཀྱི་ཡོད་པ་གསལ་གྱི་ཡོད། རིགས་ལམ་གྱི་ཐོག་ནས་དེང་དུས་ཀྱི་ཤེས་ཡོན་ལ་སྦྱར་ནས་རྩོད་དུས་ཕན་ཐོགས་ཇི་བྱུང་སྐོར་ཤེས་ཐུབ་དགོས་པ་གལ་ཆེན་པོ་རེད། ཚིག་གི་ནོར་བ་འཁྲུལ་བ་ཡིན་ན་སྒྲ་རིག་པའི་ཐོག་ནས་ཚར་བཅད་ཀྱི་ཡོད་པ་དང་། དོན་ལ་འཁྲུལ་བ་ཚར་བཅད་པ་ནི་ཚད་མ་རིག་པ་ཡིན་ཞེས་ཟེར་གྱི་ཡོད་རེད། རིགས་ལམ་གྱི་དེ་འདྲའི་ཐོག་ནས་ཤེས་བྱའི་གནས་གཞན་གྱི་ཐོག་ལ་སྦྱར་ནས་མགྱོགས་པོ་ཤེས་ཐུབ་པ་དང་། ཤེས་པ་དེ་ཡང་རྒྱུ་མཚན་མཚུངས་བསྡུར་བྱེད་ཐུབ་པ། བློ་ལ་ངེས་པར་བྱེད་ཐུབ་པ་བཅས་བྱུང་ན་རིགས་ལམ་སྦྱོང་བའི་ཐུགས་ཕན་གསོ་ཐུབ་ཀྱི་ཡོད་རེད། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་འཇུག་པ་ལས་གསུངས་ཡོད་རེད། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གཞུང་བཤད་དུས་གཞན་ལུགས་བཀག རང་ལུགས་བཞག དེ་ལ་རྩོད་པ་སྤང་བ་ཞེས་གཞུང་ལུགས་ནང་ལོགས་ལ་བཤད་སྟངས་ཤིག་ཡོད་རེད། དེ་འདྲ་རང་བསམ་བསྡད་ན་ཕན་ཐོགས་ཡོད་མ་རེད། དེ་ལས་བརྒལ་ནས་སངས་རྒྱས་ཀྱི་གོ་འཕང་དང་། ཉོན་མོངས་པའི་རྒྱུ་སྤོང་བ། རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེ་ཐུབ་པ་ཞིག་དགོས། རྣམ་པ་ཚོ་སློབ་གྲྭ་ལྟ་བུར་ཆ་བཞག་ན། དེང་དུས་དང་། སྲོལ་རྒྱུན་གྱི་ཤེས་ཡོན་མྱུར་པོ་ཤེས་ཐུབ་པ་དང་། བློ་ལ་ངེས་ཐུབ་པ། ལག་ལེན་བསྟར་ཐུབ་པ་བཅས་བྱུང་ན་རིགས་ལམ་སྦྱོང་བའི་ཕན་ཐོགས་ཡོད་རེད། སྤྱིར་ཚད་མའི་གཞུང་ནང་ལ། རྟོག་གེ་ཚིགས་དོན་བརྒྱད་ཞེས་བཤད་ཀྱི་ཡོད་རེད། མངོན་སུམ་ཡང་དག་དང་། མངོན་སུམ་ལྟར་སྣང་། རྗེས་དཔག་ཡང་དག རྗེས་དཔག་ལྟར་སྣང་། སྒྲུབ་ངག་ཡང་དག སྒྲུབ་ངག་ལྟར་སྣང་། སུན་འབྱིན་ཡང་དག སུན་འབྱིན་ལྟར་སྣང་བཅས་རྟོག་གེའི་ཚིག་དོན་བརྒྱད་ཅེས་བཤད་ཀྱི་ཡོད་རེད། དེ་ཤེས་པ་ཡིན་ན། ཚད་མ་ཤེས་པ་ཡིན་ཞེས་ཤོད་ཀྱི་ཡོད་རེད། གཞུང་ཆེན་བཀའ་པོད་ལྔའི་ནང་ནས་ཚད་མ་དེ་དཀའ་ལས་ཁག་ཤོས་འདྲ་པོ་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་དོ་སྣང་དང་། འདུན་པ། མོས་པ་དགོས་རྒྱུ་གལ་ཆེན་པོ་རེད། ༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ཕེབས་ཡོད་རེད། སྟོན་ཉེས་དང་ཚོང་ལས་སོགས་འཐུས་ཤོར་ཕྱིན་ན་གུན་གསབ་བསྒྲུབ་ཐུབ་ཡ་ཞིག་རེད། ཤེས་ཡོན་སློབ་སྦྱོང་ཐོག་འཐུས་ཤོར་ཕྱིན་པ་ཡིན་ན། མི་གཅིག་གིས་མི་ཚེ་ཙམ་མ་ཟད། མི་རབས་གཅིག་གི་འཐུས་ཤོར་ཆགས་འགྲོ་ཡི་ཡོད། དེ་སླར་གསོ་བྱ་རྒྱུར་ཁག་པོ་ཆགས་བསྡད་ཀྱི་ཡོད། དེ་ཡིན་དུས་ཤེས་ཡོན་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཤེས་ཡོན་གྱི་ཐོག་ནས་ཆེ་ས་རྒྱལ་ཁབ་དང་། ཆུང་ས་སོ་སོའི་ཁྱིམ་ཚང་ནང་ལའང་ཞབས་ཞུ་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་རེད། གཞི་རྩའི་རིགས་ལམ་གྱི་ཐོག་ནས་དབུ་མ་དང་། མངོན་པ། ཕར་ཕྱིན་བསླབ་རྒྱུར་ཕན་ཐོགས་ཀྱི་ཡོད་པ་ལྟར། ཤེས་བྱའི་གནས་ཚང་མར་སྦྱར་ནས་རྟོགས་རྒྱུར་ཕན་ཐོགས་ཇི་བྱུང་ཤེས་པའི་ཐོག་ནས་སྤྱི་ཚོགས་གཞན་གྱི་ནང་མིག་དཔེ་བསྟན་ཐུབ་དགོས་པ་གལ་ཆེན་པོ་རེད། སློབ་གྲྭར་གཟའ་སྤེན་པ་དང་ཉི་མ་ལྟ་བུ་དུས་ཚོད་ཟུར་བཅད་གནང་སྟེ་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་དང་གཉིས་པ་ལྟ་བུའི་གཞུང་འཁྲིད་ཐུབ་ན་དགག་བཞག་སྤང་གསུམ་གྱི་རིག་པའི་འགྲོས་ཆ་ཚང་ཤེས་ཐུབ་རྒྱུའི་དགེ་མཚན་ཆེན་པོ་ཡོད་རེད་ཅེས་ཞུ་རྒྱུ་ཡིན།
མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བ། རྣམ་པ་ཚོའི་རིགས་ལམ་འདུ་འཛོམས་འདི་བརྒྱུད་ནས་བློ་གྲོས་གོང་དུ་འཕེལ་ནས་མ་འོངས་པར་རྒྱལ་སྤྱི་དང་། བོད་མི་རིགས་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་སོང་།
གཞན་ཡང་རིགས་ལམ་འདུ་འཛོམས་ཆེན་མོའི་མཇུག་བསྡོམས་མཛད་སྒོའི་ཐོག་ཅོན་ཏ་རཱ་བོད་ཁྱིམ་སློབ་གྲྭ་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྡོར་གླིང་སཾ་བྷོ་ཊ་གཏན་སློབ་བཅས་ནས་རྟགས་གསལ་སྤྱན་འབུལ་དང་། སྐུ་མགྲོན་གཙོ་བོ་མཆོག་བརྒྱུད་ནས་ལྟ་གྲུབ་དགེ་རྒན་དང་། སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་གནང་བ། མཐར་ཅོན་ཏ་རཱ་བོད་ཁྱིམ་དགེ་ཆེ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ་མཛད་སྒོ་གྲོལ་སོང་།
མཇུག་བསྡོམས་མཛད་སྒོའི་ཐོག་སྦིར་སྡེ་ནང་གསུམ་གྱི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ཅོན་ཏ་རཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་རྣམ་པ། ཐེངས་འདིའི་རིགས་ལམ་འདུ་འཛོམས་ཆེན་མོའི་ཐོག་མཉམ་ཞུགས་གནང་མཁན་འཛིན་རིམ་དྲུག་པ་ཡན་གྱི་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་པའི་གཏན་ཉིན་སློབ་གྲྭ་ཁག་༢༦ གི་ལྟ་གྲུབ་དགེ་རྒན་དང་། སློབ་ཕྲུག་ཕོ་མོ་བཅས་ཁྱོན་མི་གྲངས་༢༢༤ བཅས་ཕེབས་འདུག་པ་བཅས།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།