དཔལ་ལྡན་སྲིད་སྐྱོང་མཆོག་གི་ཨིན་ཡུལ་ནང་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སི་ཀོཊ་ལན་ཌི་ཁུལ་དུ་ཉིན་གྲངས་གཉིས་རིང་གི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་ནས་ཕྱི་ལོ་༢༠༢༣ ཟླ་༤ ཚེས་༢༩ ཉིན་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འབྱོར་ནས་ཕྱི་དྲོ་ལོན་ཌོན་ཁུལ་གནས་སྡོད་བོད་རིགས་གཞོན་སྐྱེས་དང་ཐུག་འཕྲད་ཀྱིས་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་སྐོར་དང་།

ད་ལྟའི་བོད་ཀྱི་ཆབ་སྲིད་གནས་བབ། དེ་བཞིན་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་དང་། ཨེ་ཤི་ཡའི་ཆུ་བོའི་འབྱུང་ཁུངས་ཡིན་པ་སོགས་བོད་ཀྱི་ཁོར་ཡུག་གི་གལ་གནད། བོད་དོན་འཐབ་རྩོད་ཐོག་གཞོན་སྐྱེས་ཚོས་འགན་འཁྲི་ཁུར་ཕྱོགས་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལོན་ཌོན་ཁུལ་གནས་སྡོད་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་ཡོད། མཛད་སྒོའི་ཐོག་བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་སྐུ་ཚབ་དོན་གཅོད་ཟུར་པ་ཚེ་རིང་བཀྲ་ཤིས་རྣམ་གཉིས་ཆེད་ཕེབས་གནང་འདུག

གཞན་ཡང་ཟླ་༤ ཚེས་ ༢༨ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་སི་ཀོཊ་ལན་ཌིའི་གྲོང་ཁྱེར་ཨེ་ཌིན་བྷག་ནས་ཨ་བེར་ཌིན་དུ་ཕེབས་འབྱོར་གྱིས་ཨ་བེར་ཌིན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཌེ་ཝི་ཌི་ ཀེམ་རོན་ (David Cameron)  ལགས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཨ་བེར་ཌིན་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་འདས་དང་མ་འོངས། (Tibet’s Past and Future) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག ཟླ་འདིའི་ཚེས་༡ ཉིན་ལྡན་སྲིད་སྐྱོང་མཆོག་ནོར་ཝེ་རྒྱལ་ས་ཨོ་སོ་ལོ་ (Oslo) ལ་ཕེབས་ཐོན་གནང་རྒྱུ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།