དཔོན་ཉམས་དང་ཆེ་ཉམས་མ་ཡིན་པར་མི་མང་གི་བདེ་སྡུག་ལ་གཟིགས་དགོས།
རྡ་ས་གངས་ཅན་སྐྱིད་གཤོངས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་སོང་།

ཕྱི་ཚེས་༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་སོང་།
ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་ཁག་གི་ས་གནས་འགོ་འཛིན་༣༥ དང་ལྷན་སོ་ནམ་སློབ་སྟོན་པ་དང་མཉམ་འབྲེལ་གྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་འདུག མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ཕེབས་གནང་བ་དང་། མཛད་སྒོའི་སྐབས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་ཚོགས་ཆེན་འདི་ནང་སྲིད་ལས་ཁུངས་ལ་མཚོན་ན་གལ་ཆེན་ཡིན་པ་དང་། ཚོགས་འདུ་འདི་བརྒྱུད་ས་གནས་འགོ་འཛིན་རྣམས་ཀྱིས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ལ་མཁྱེན་རྟོགས་སྔར་ལྷག་ཡོང་རྒྱུ་དང་། བྱས་ཟིན་པའི་ལས་དོན་ཁག་འཐུས་ཤོར་གང་ཕྱིན་མིན་ཐོག་བསྐྱར་ཞིབ་གནང་ཐུབ་པ། དེ་བཞིན་ད་ལྟའི་ཆར་མཐུན་རྐྱེན་དང་ཤེས་བྱ་ཡོན་ཏན་གང་གི་ཆ་ནས་སྔར་ལྷག་བཟང་པོ་ཡོད་སྟབས། ས་གནས་འགོ་འཛིན་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་གཞུང་དོན་གྲུབ་དགོས་པ་དང་། མི་མང་གི་བདེ་སྡུག་ལ་གཟིགས་སྐྱོང་གནང་དགོས་པའི་ལམ་སྟོན་གནང་འདུག
ཕྱོགས་མཚུངས་ས་གནས་འགོ་འཛིན་གྱིས་འགན་འཁུར་བཞེས་པའི་ཐོག་ལས་བསྡོམས་དང་སྔོན་རྩིས་ཐོག་ལའང་ཐུགས་སྣང་གནང་བའི་ཐོག་ཕྱག་ལས་འཐུས་སྒོ་ཚང་བ་གནང་དགོས་གལ་དང་། དེ་བཞིན་ས་གནས་འགོ་འཛིན་གྱིས་རང་གི་ས་གནས་ཀྱི་གཞིས་གྲོང་ཁག་གི་མི་མང་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་རྟོག་ཞིབ་ཀྱིས་མཁྱེན་རྟོགས་དགོས་ངེས་ཡིན་པ་བཅས་བརྗོད་འདུག
བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་གྱིས་ཐོག་མར་འཚམས་འདྲི་དང་སྦྲགས། ཁོང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ཚོགས་འདུ་འདི་བརྒྱུད་ས་གནས་འགོ་འཛིན་རྣམས་ལ་ལེགས་ཆ་ལེན་རྒྱུ་མང་པོ་ཞིག་ཡོད་པར་སོང་ཚོགས་འདུ་འདི་གལ་ཆེན་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་དང་། ས་གནས་འགོ་འཛིན་ནི་བོད་མིའི་སྒྲིག་འཛུགས་དང་ས་གནས་མི་མང་བར་གྱི་ཟམ་པ་ལྟ་བུ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་འདུག དེ་བཞིན་ས་གནས་འགོ་འཛིན་དང་ས་གནས་ཀྱི་ལས་བྱེད་རྣམས་ནས་སྒོ་གསུམ་གྱི་སྤྱོད་པ་འཁྱེར་ཕྱོགས་དང་འབྲེལ་དཔོན་ཉམས་དང་ཆེ་ཉམས་མ་ཡིན་པར་མི་མང་སུ་འདྲ་ཞིག་ཡིན་རུང་དེ་དག་གི་བདེ་སྡུག་ལ་གཟིགས་སྐྱོང་གིས་མིང་དོན་མཚུངས་པའི་ལས་བྱེད་ཅིག་གནང་དགོས་པའི་ལམ་སྟོན་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་མི་མང་སྤྱི་དང་། ལྷག་པར་ས་གནས་ཀྱི་ཉམ་ཐག་ལ་ཞིབ་འཇུག་གིས་རྒྱུས་མངའ་ཡོད་པའི་ཐོག་དེ་དག་ལ་གཟིགས་རྟོག་གནང་དགོས་ཞེས་གསུངས་འདུག
གཞན་ཡང་ད་ལྟའི་ཆར་བོད་པའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་གི་ནང་བོད་མི་གྲངས་འབོར་ཉུང་དུ་འགྲོ་མུས་ཡིན་པས། ས་གནས་འགོ་འཛིན་གྱིས་མི་མང་ལ་མི་འབོར་འཕེལ་རྒྱས་ཐོག་སློབ་གསོ་ལམ་སྟོན་དང་། ལྷག་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་དགོས་གལ་དང་འབྲེལ་ས་གནས་ཀྱི་གཞོན་སྐྱེས་རྣམས་ལ་བོད་པའི་སྐད་དང་། རིག་གཞུང་བདག་ཉར་བྱེད་དགོས་པའི་ཁ་ཏ་སློབ་གསོ་གནང་དགོས་པ་དང་། དེ་བཞིན་གཞོན་སྐྱེས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ཡར་རྒྱས་བཅས་ཀྱི་སླད་གོ་རྟོགས་སྤེལ་དགོས། དེ་མཚུངས་ས་གནས་འགོ་འཛིན་གྱིས་འགན་འཁུར་ནས་ས་གནས་སོ་སོར་གཞིགས་པའི་མངའ་སྡེ་གཞུང་ནས་མི་མང་གི་བདེ་དོན་ལ་ཕན་པའི་མཐུན་འགྱུར་རོགས་རམ་ཁག་ཞུ་ཐུབ་པ་དགོས་གལ་དང་། དེ་བཞིན་བཅའ་ཁྲིམས་རིན་པོ་ཆེ་གཙོ་བོར་གྱུར་པའི་ཁྲིམས་དང་སྒྲིག་གཞི་ཁག་ལ་བརྩི་བཀུར་གྱིས་ལག་བསྟར་གནང་ན་རྗེས་སུ་སྐུ་ངལ་མི་ཡོང་བ་དང་། ས་གནས་སོ་སོའི་ཡུལ་མི་རྣམས་དང་འཆམ་མཐུན་དང་། ལྷག་པར་ས་གནས་ཀྱི་དཔོན་རིགས་ཁག་དང་འབྲེལ་འདྲིས་དམ་ཟབ་ཉར་དགོས་པ་ནི་ས་གནས་མི་མང་གི་བདེ་དོན་སླད་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་གསུངས་འདུག དེ་ནས་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས་བརྙན་འཕྲིན་བརྒྱུད་བརྗོད་དོན། ཐེངས་འདིའི་ཚོགས་འདུའི་ཐོག་མ་འོངས་པར་རུབ་སྡོད་ཀྱི་གཞིས་ཆགས་ཁག་རྒྱུན་གནས་དང་སྲ་བརྟན་ཡོང་བར་ལས་དོན་གང་ཞིག་བྱེད་དགོས་པའི་སྐོར་དང་། དེ་བཞིན་དེང་དུས་ཀྱི་སློབ་སྦྱོང་ཡོད་པའི་གཞོན་སྐྱེས་ཁག་གཞིས་ཆགས་ཁག་ཏུ་གནས་པར་ཐབས་ཤེས་ཇི་ཞིག་ཡོད་སྐོར་བགྲོ་གླེང་གནང་དགོས་པ་ནི་གནད་འགག་ཅན་ཞིག་ཡིན་པ་དང་། གཞིས་ཆགས་ཁག་སྲ་བརྟན་གནས་ཐུབ་པ་ཡིན་ན་བོད་མིའི་འཐབ་རྩོད་རྒྱུན་གནས་ཐུབ་པར་ཕན་ཐོགས་ཡོད་ཅེས་འགྲེལ་བརྗོད་གནང་འདུག དེ་བཞིན་གཞིས་ཆགས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་བསྒྲུབས་ཟིན་པ་ཁག་ལ་ལྟ་རྟོག་དང་བདག་གཉེར་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་འདུག
ཐེངས་འདི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་དྲུག་པ་དེ་ཕྱི་ཟླ་༡༡ ཚེས་༡༡ ནས་༡༤ བར་ཉིན་གྲངས་བཞི་རིང་འཚོག་རྒྱུ་ཡིན་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
