དབུ་མའི་ལམ་ཞེས་གོ་དུས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་སོང་།

དབུ་མའི་ལམ་ཞེས་གོ་དུས་དེ་ནི་སི་ཝེ་ཌེན་གྱི་མི་མང་དང་བོད་པའི་མི་མང་གཉིས་བར་གྱི་ཐུན་མོང་གི་མཚུངས་ཆོས་ཞིག་རེད་བསམ་པ་བྱུང་བ་དང་། སི་ཝེ་ཌེན་རྒྱལ་ཁབ་ཀྱིས་ཀྱང་ལམ་ཁ་འདིའི་ཐོག་ནས་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད་པ། ལོ་ཤས་གོང་དུ་དབུ་མའི་ལམ་ཞེས་གོ་དུས་ཧ་ཅང་དགའ་པོ་བྱུང་ཞེས་སི་ཝི་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀཱལ་ཤིའུ་ཏྲེལ་གྱིས་གསུངས་སོང་།

ཟླ་༨ ཚེས་༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ།  སི་ཝི་ཌེན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀཱལ་ཤིའུ་ཏྲེལ་(Carl Schlyter)དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཱ་ཏི་སི་བྷི་ཇོར་ནེ་སེ་ཏི། (Mattias bjornersedt) སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་དང་། སྐབས་དེར་ཐོག་མར་སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་གྱིས་སི་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། སི་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་བོད་དོན་ཐོག་རྒྱབ་སྐྱོར་སླད་ཡོང་བ་ཡིན་པ་དང་། སི་ཝེ་ཌེན་བོད་རིགས་ཚོགས་པ་ནི་ཧ་ཅང་ཆུང་ཆུང་ཞིག་ཡིན་ཞིང་། ཁྱོན་བསྡོམས་སི་ཝི་ཌེན་ནང་བོད་པ་ཕལ་ཆེར་༡༤༠ ཙམ་ལས་མེད་སྐོར་བཅས་གསུངས་སོང་།

དེ་རྗེས་སི་ཝི་ཌེན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་མི་སྣ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀཱལ་ཤིའུ་ཏྲེལ་གྱིས་དྷ་སར་ཡོང་དོན་གཙོ་བོ་ནི། འདི་ལོར་སུ་ཝི་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པ་བྱུང་ཡོད་པ་དེ་དང་འབྲེལ་བའི་ལས་དོན་མཇུག་སྐྱོང་གི་ཆེད་ཡིན་སྐོར་དང་། དེ་བཞིན་ཁོང་གིས་དབུ་མའི་ལམ་གྱི་སྐོར་ལ་གསུང་དོན་དུ།“ངས་དབུ་མའི་ལམ་ཞེས་གོ་དུས། དེ་ནི་སི་ཝེ་ཌེན་གྱི་མི་མང་དང་བོད་པའི་མི་མང་གཉིས་བར་གྱི་ཐུན་མོང་གི་མཚུངས་ཆོས་ཞིག་རེད་བསམ་བྱུང་། གང་ཡིན་ཟེར་ན་ང་ཚོས་ཀྱང་ལམ་ཁ་འདིའི་ཐོག་ནས་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད། དེར་བརྟེན་ལོ་ཤས་གོང་དབུ་མའི་ལམ་ཞེས་གོ་དུས་ཧ་ཅང་དགའ་པོ་བྱུང་། ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་ང་ཚོའི་རྒྱལ་ཁབ་བར་དུས་རབས་མང་པོའི་རིང་དམག་འཁྲུག་ཤོར་ཡོད་ཀྱང་། ད་ལྟ་ང་ཚོས་ཁོང་ཚོར་གྲོགས་པོའི་འདུ་ཤེས་དང་འཆམ་མཐུན་ཐོག ད་བར་འདས་པའི་མི་ལོ་བརྒྱ་ལྷག་གི་རིང་ལ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་དུ་རང་དབང་ཐོག་འགྲུལ་བཞུད་དང་ཚོང་འབྲེལ་བྱེད་ཀྱི་ཡོད། དེར་བརྟེན་ངའི་རེ་བར་ཁྱེད་ཚོ་ལ་ཡང་གོ་སྐབས་འདི་འདྲ་ཞིག་ཐོབ་ནས། བོད་ཀྱི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་རྣམས་རང་དབང་གི་ཐོག་ནས་སྲུང་སྐྱོབ་བྱ་ཐུབ་པའི་རེ་བ་རྒྱག་བཞིན་ཡོད།” ཅེས་དང་། སི་ཝེ་ཌེན་རྒྱལ་ཁབ་གྱིས་ཕ་རོལ་པོའི་མངོན་འདོད་དང་སོ་སོའི་མངོན་འདོད་གཉིས་དབར་ཐུན་མོང་གི་ཁས་ལེན་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་ཐབས་བྱས་པའི་ལྟ་གྲུབ་ལ་བརྟེན་ནས་ལོ་ངོ་༢༠༣ རིང་འཚེ་མེད་ཞི་བའི་ཁོར་ཡུག་འོག་འཚོ་གནས་ཐུབ་པ་བྱུང་ཡོད་སྐོར་དང་། སི་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པ་དེ་ནི་དུས་ལ་བབ་པ་ཞིག་མཐོང་གི་ཡོད་པ།  སི་རི་ཡའི་དམག་འཐབ་དང་། ལི་བྷི་ཡའི་ཟིང་འཁྲུག ཨབ་གྷ་ནི་སི་ཐན་གྱི་རྙོག་གྲ་བཅས་ལ་བརྟེན་ནས་སི་ཝེ་ཌེན་ནང་སྐྱབས་བཅོལ་བ་མང་པོ་འབྱོར་བཞིན་ཡོད་པ། དཀའ་ངལ་ཁག་ཅིག་རྒྱལ་སྤྱིའི་གནས་བབ་ཐོག་ནས་སེལ་དགོས་ཀྱི་ཡོད་པ།  སི་ཝི་ཌེན་མི་མང་དཀྱུས་མ་བོད་ཀྱི་གནས་སྟངས་ལ་རྒྱུས་མངའ་དེ་ཙམ་མེད་མཁན་ཞིག་ལ་མཚོན་ན་ཡང་༸གོང་ས་མཆོག་ལ་ལྟ་ཚུལ་ཧ་ཅང་བཟང་པོ་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང་།

གསར་འགོད་པས་རྒྱ་གར་དུ་གནས་སྡོད་སྐྱབས་བཅོལ་བོད་མིའི་ཕྱི་བསྐྱོད་ལག་དེབ་སེར་པོ་དེ་སི་ཝེ་ཌེན་གཞུང་གིས་ངོས་ལེན་བྱེེད་ཀྱི་མེད་པའི་སྐོར་དྲིས་པར། ཁོང་གིས་སི་ཝེ་ཌེན་ནང་གནད་དོན་དེའི་སྐོར་ལ་རྒྱུས་མངའ་དེ་ཙམ་མེད་པ་དང་། སི་ཝེ་ཌེན་གཞུང་ལ་དེའི་སྐོར་ཞུ་རྒྱུ་ཡིན་པའི་ལན་འདེབས་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།