དབུས་འོས་བསྡུ་འགན་འཛིན་གྱིས་བལ་ཡུལ་ནང་འོས་བསྡུའི་སྒྲིག་གཞི་གཞི་བཟུང་གནང་ཐུབ་མེད་པ་གསལ་པོ་རེད་ཅེས་གསུངས།

[རྡ་རམ་ས་ལ།] ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༨ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༡༡:༠༠ ཐོག དབུས་འོས་བསྡུ་ལས་ཁང་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིའི་མཚན་གཞུང་གསལ་བསྒྲགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་ཚོགས་སོང་།
དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་སྒྲིག་གཞི་ལྟར། ཐོབ་ཁུངས་སོ་སོའི་དངོས་གཞིའི་འོས་མིར། དབུས་གཙང་ཆོལ་ཁའི་འོས་གཞི་གྲངས་༢༠ དང་། མདོ་སྟོད་ཆོལ་ཁའི་འོས་གཞི་གྲངས་༢༠ ཐོག་དང་བླངས་པ་༡ མདོ་སྨད་ཆོལ་ཁའི་འོས་གཞི་གྲངས་༢༠ ཆོས་བརྒྱུད་ཆེན་པོ་ལྔ། ཆོས་བརྒྱུད་རེ་ནས་འོས་གཞི་གྲངས་༤ རེ། ཡུ་རོབ་དང་ཨ་ཕི་རི་ཀ་ནས་འོས་གཞི་གྲངས་༤ ཐོག་དང་བླངས་པ་༡ ལྷོ་བྱང་ཨ་རི་ནས་འོས་གཞི་གྲངས་༤ ཐོག་དང་བླངས་པ་༡ ཨེ་ཤི་ཡ་དང་ཨོ་གླིང་ནས་ (རྒྱ་བལ་འབྲུག་གསུམ་ཕུད་པ།) འོས་གཞི་གྲངས་ ༢ བཅས་གཏན་འབེབས་གསལ་བསྒྲགས་གནང་སོང་།


དེ་རིང་ནས་བཟུང་གཏན་འབེབས་བྱུང་བའི་འོས་མི་རྣམས་དང་ཁོང་ཚོའི་རྒྱབ་སྐྱོར་བ་ཚོས་འོས་བསྡུའི་སྒྲིག་གཞི་དང་མཐུན་པའི་དྲིལ་བསྒྲགས་ལས་དོན་འགོ་འཛུགས་ཆོག་པ་དང་། ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༣ ཕྱི་དྲོ་ཆུ་ཚོད་ ༥:༠༠ ཐོག་དྲིལ་བསྒྲགས་ཀྱི་ལས་རིམ་ཡོངས་རྫོགས་མཚམས་འཇོག་དགོས་པ་དང་།
ཕྱི་ལོ་ ༢༠༢༦ ཟླ་༤ ཚེས་༢༦ ཉིན། འོས་བསྡུའི་ལས་རིམ་གཏན་འབེབས་ལྟར། བོད་མིའི་འདུ་སྡོད་ས་ཁུལ་ཡོངས་སུ་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པས། དབུས་འོས་བསྡུ་ལས་ཁང་ནས་རྒྱ་ཆེའི་མང་ཚོགས་དང་། ལྷག་པར་དུ་མཐོ་སློབ་ཁག་ཏུ་ཡོད་པའི་གཞོན་སྐྱེས་རྣམས་ནས་འོས་བསྡུའི་ནང་ཆ་ཤས་ངེས་པར་བཞེས་དགོས་པའི་ནན་སྐུལ་གནང་སོང་།
འོས་འཕེན་པ་རྣམས་ནས་འོས་ཤོག་འཕེན་སྐབས་འོས་ཐམ་མ་ནོར་བ་རྒྱག་དགོས་པ་ལས། འགྲིག་རྟགས་དང་ནོར་རྟགས་སོགས་རྒྱག་མི་ཆོག་པ་མ་ཟད། འོས་འདེམས་སུར་བྱས་ཀྱི་པར་བཤུས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་བ། འོས་ཐམ་གང་ཡང་མི་གསལ་བའམ་གྲངས་ཚད་ལས་བརྒལ་བའི་འོས་ཐམ་བརྒྱབ་པ། འོས་འདེམས་སུར་བྱས་ངོས་འཛིན་མི་བདེ་བའི་འོས་ཐམ་བརྒྱབ་པ། འོས་ཤོག་ནང་མི་གསལ་བའི་རང་མོས་འོས་གཞིའི་མིང་བཀོད་པ། འོས་ཤོག་ངོ་མ་མ་ཡིན་པའི་དོགས་གནས་ཅན་སོགས་ཐོན་ཚེ། འོས་ཤོག་རྩིས་མེད་གཏོང་རྒྱུ་ཡིན་པས་ཐུགས་གཟབ་གནང་གལ་ཆེ་ཞེས་གསུངས་སོང་།

སྔོན་འགྲོའི་འོས་བསྡུའི་སྐབས་ས་གནས་འགའ་ཤས་སུ་དུས་བཀག་ལས་བརྒལ་བའི་དྲིལ་བསྒྲགས་བྱས་པ་དང་། འོས་བསྡུའི་ཉིན་མོར་འོས་མིའི་མིང་བྱང་འགྲེམས་སྤེལ་བྱེད་པ་སོགས་སྒྲིག་འགལ་ཚབས་ཆེ་བྱུང་ཡོད་པར་བརྟེན། ཐེངས་འདིའི་དངོས་གཞིའི་འོས་བསྡུའི་སྐབས་སྒྲིག་འགལ་རིགས་བྱུང་ཚེ་ཉེས་ཆད་ཡན་པོར་མ་སོང་བ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་ནང་ནན་བཤད་གནང་འདུག
འདི་ག་གསར་འགོད་པས་བལ་ཡུལ་ནང་གི་འོས་བསྡུའི་གནས་བབ་སྐོར་དྲི་བ་དྲིས་པར། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་སྤྱི་ཟུར་བློ་བཟང་ཡེ་ཤེས་ཀྱིས། བལ་ཡུལ་གྱི་ནང་འོས་བསྡུའི་སྒྲིག་གཞི་ལྟར་གནང་ཐུབ་མེད་པ་དེ་གསལ་པོ་རེད་ཤག བལ་ཡུལ་ནང་གི་འོས་བསྡུའི་སྐོར་བསམ་འཆར་འབུལ་མཁན་ཡང་མང་པོ་བྱུང་བར་བརྟེན། ད་ལྟའི་ཆར་ཞིབ་འཇུག་བྱེད་བཞིན་པ་མ་ཟད། ཞིབ་འཇུག་ཚད་ལྡན་གྱིས་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་གསུངས་སོང་། སྔོན་འགྲོའི་འོས་ཤོག་རྩིས་མེད་དང་འབྲེལ། ཁོང་གིས་དེ་སྔར་འོས་བསྡུའི་ནང་འོས་གྲངས་༡༠༠༠ ཙམ་རྩིས་མེད་ཕྱིན་ཡོད་པ་དང་། ད་ལོ་འོས་གྲངས་༡༨༠༠ ཙམ་རྩིས་མེད་ཕྱིན་ཡོད་པའི་གནས་ཚུལ་ཡང་བརྗོད་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།