དབུས་འོས་བསྡུའི་འགན་འཛིན་རྣམ་པས་གཞིས་ཆགས་ཁག་ཏུ་འོས་བསྡུའི་སྒྲིག་གཞི་གོ་རྟོགས་སྤེལ་བཞིན་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགོ་འཛུགས་ཟིན་པ་དང་། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་དང། འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་གཉིས་ཀྱིས་བོད་མིའི་གཞི་ཆགས་ཁག་ཏུ་འོས་བསྡུའི་སྒྲིག་གཞིའི་སྐོར་གོ་རྟོགས་སྤེལ་བཞིན་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ཚེས་༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་ཐོག་ཏུ་གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ཚེས་༢༨ ཉིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་དང་། དྲུང་འཕར་བསྟན་འཛིན་ནོར་བུ་རྣམ་གཉིས་ནས་མན་སྤར་ཕན་བདེ་གླིང་ས་གནས་མང་ཚོགས་ཁྲོད་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སྐོར་གོ་རྟོགས་སྤེལ་ཡོད་འདུག
དེ་ཡང་ཕྱི་ཚེས་༢༨ ཉིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ཀྱིས་ཁྱབ་ཁོངས་མང་ཚོགས་ལ་འོས་བསྡུ་དང་འབྲེལ་བའི་གསུང་བཤད་གནང་རྗེས་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་གྲུབ་མཚམས་ཉིན་རྒྱབ་ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་། དེ་བཞིན་ལས་བྱེད་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་འདུག
དེ་བཞིན་ཨོ་ཌི་ཤ་གཞིས་ཆགས་དང། རྒྱ་གར་ལྷོ་ཕྱོགས་མའེ་སོར་ཁུལ་གྱི་གཞིས་ཆགས་དང་འབྲེལ་ཡོད་གྲོང་ཁྱེར་ཁག་ཏུ་བཙན་བྱོལ་བོད་མིའི་ལས་འགན་དང་། འོས་བསྡུའི་ལས་རིམ་དང་སྒྲིག་གཞི། རྩ་འཛིན་ལམ་སྟོན་ཁག་ངོ་སྤྲོད་ཀྱིས་མང་ཚོགས་ལ་གོ་རྟོགས་གསུང་བཤད་གནང་ཡོད་པ་རེད།
དབུས་འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་གྱིས་ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༢༧ ཉིན་ཀ་སྦུག་བོད་མིའི་གཞིས་ཆགས་སུ་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་གྱི་གཞིས་ཆགས་ཁག་ཅིག་ལ་འོས་བསྡུའི་སྒྲིག་གཞིའི་སྐོར་ལམ་སྟོན་དང། མང་ཚོགས་ལ་མང་གཙོའི་ལམ་ནས་མི་མང་གི་འོས་འཕེན་པའི་ལས་འགན་དང་རང་དབང་སྐོར་ངོ་སྤྲོད་དང་སྦྲགས། མི་མང་ནས་གང་མང་མཉམ་ཞུགས་གནང་དགོས་པའི་གལ་གནད་དང་། འོས་བསྡུའི་བརྒྱུད་རིམ་ཁྲོད་དྲང་བདེན་དང་། ཕྱི་གསལ་ནང་གསལ་དགོས་པའི་ནན་སྐུལ་གནང་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།