དབྱིན་ཇིའི་ལུང་པའི་སྲང་ལམ་གྱི་གྱང་ངོས་དང་རྒྱ་གཞུང་གི་དྲིལ་བསྒྲགས་ཡི་གེ

ཉེ་ཆར་དབྱིན་ཡུལ་གྱི་སྲང་ལམ་ཞིག་གི་གྱང་ངོས་སུ་རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་ཀྱི་ཡི་གེ་མང་པོ་སྦྱར་ཡོད་པར་བརྟེན། དྲྭ་ཐོག་ནས་དེའི་སྐོར་གླེང་སློང་ཆེན་པོ་བྱེད་བཞིན་འདུག་ལ། སྤྱིར་བཏང་སྲང་ལམ་དེའི་གྱང་ངོས་དེ་སྒྱུ་རྩལ་གྱི་རི་མོ་འབྲི་བ་དང་། ལེགས་བཤད་རིགས་འབྲི་ས་སྙན་གྲགས་ཅན་ཞིག་ཡིན་འདུག
ཕྱི་ཚེས་༨ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། བདུན་སྔོན་མའི་གཟའ་མཇུག་གི་གུང་གསེང་དང་སྟབས་བསྟུན་ནས་མཚན་མོ་(Brick lane)ཟེར་བའི་སྲང་ལམ་སྙན་གྲགས་ཅན་དེའི་གྱང་ངོས་སུ་རྒྱ་ནག་དམར་ཤོག་གཞུང་གི་སྤྱི་ཚོགས་རིང་ལུགས་ཀྱི་དྲིལ་བསྒྲགས་དང་འབྲེལ་བའི་ཡི་གེ་༡༢ ཤིག་བྲིས་ཡོད་འདུག ཡི་གེ་༡༢ དེ་དག་ནི་ཞིན་ཅིན་ཕིང་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང་འབྲེལ་བའི་འབོད་ཚིག་དག་ཡིན་ཚུལ་རྗོད་བཞིན་ཡོད་པར་བརྟེན། དྲ་ཐོག་ཏུ་མི་མང་པོས་སྨྲ་བརྗོད་རང་དབང་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས་གཉིས་བསྲེ་ལྷད་བྱེད་མི་ཉེན་པའི་མཆན་འབྲི་མཁན་ཡོད་འདུག་ལ། ཡང་འགའ་ཤས་ཀྱིས་རྒྱ་ནག་གཞུང་ལ་དགའ་མཁན་དག་གིས་སྨྲ་བརྗོད་རང་དབང་བེད་སྤྱོད་ལོག་པ་གཏོང་བཞིན་ཡོད་ཚུལ་ཡང་བཤད་མཁན་ཡོད་འདུག རྒྱ་ནག་ནང་ལ་ཡོད་པའི་རྒྱལ་ཞེན་ཅན་དག་གིས་བརྗོད་དོན་ལ་དབྱིན་ཡུལ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས། གྱང་ངོས་སུ་གང་བྲིས་པ་དག་ནག་བསུབ་གཏོང་མི་ཆོག་པར་དེ་ནི་སྨྲ་བརྗོད་རང་དབང་ཡིན་ཚུལ་བརྗོད་མཁན་ཡོད་འདུག གྱང་ངོས་སུ་བྲིས་པའི་ཡིག་འབྲུ་༡༢ དག་ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐོས་བཤད་པའི་ཆབ་སྲིད་ཀྱི་འབོད་ཚིག་འགའ་ཡིན་པ་ཡང་བཤད་མཁན་ཡོད་འདུག ཚིག་འབྲུ་དེ་དག་ནི་ཁར་དབང་། དམངས་གཙོ། བཟང་སྤྱོད། བརྟན་བརླིང་། རང་དབང་། འདྲ་མཉམ། དྲང་བདེན། ཁྲིམས་ཀྱིས་སྐྱོང་། རྒྱལ་ཞེན། བློས་བཏང་། མཉམ་རུབ། མཛའ་མཐུན་སོགས་བྲིས་ཡོད་འདུག
འོན་ཀྱང་། རྒྱ་ནག་གི་ཕྱི་ལ་ཡོད་པའི་རྒྱ་རིགས་མང་པོ་ཞིག་གིས་ཁ་རྡུང་བཏང་ནས་གལ་སྲིད་དེ་སྨྲ་བརྗོད་རང་དབང་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཚེ། ཁྱོད་རྒྱ་ནག་ནང་ཕྱིན་ནས་རང་དབང་དང་དམངས་གཙོ་སོགས་བྲིས་དང་། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་རེད་ཅེས་ཁ་རྡུང་གཏོང་མཁན་ཡང་དུ་མ་བྱུང་ཡོད་འདུག་ལ། རྒྱ་ནག་ནང་རང་དབང་དང། དམངས་གཙོ་། འདྲ་མཉམ་སོགས་མེད་པའི་ལྡོག་ཕྱོགས་ཀྱི་ངོ་རྒོལ་གྱི་ཡི་གེ་མང་པོ་བྲིས་ཡོད་འདུག རྒྱུ་མཚན་གཅིག་ནི་ད་ཆར་རྒྱ་ནག་ལ་ལྟ་ཕྱོགས་ཡག་པོ་མེད་པའི་དུས་སུ་རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་དག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་སྤེལ་ཚེ། ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་རྒྱ་རིགས་དག་ལ་ནུབ་ཕྱོགས་པས་དབྱེ་འབྱེད་བྱེད་སྲིད་པ་དང་། རྒྱ་རིགས་དག་ལ་དཀའ་ངལ་ཡོང་རྒྱུའི་ཉེན་ཁ་མཐོང་ནས་རྗེས་སུ་ཡི་གེ་དེ་དག་མཚོན་དཀར་པོ་བཏང་ནས་མེད་པ་བཟོས་ཡོད་འདུག དེ་བཞིན་དྲུག་བཞིའི་དོན་རྐྱེན་དང། ཧོང་ཀོང་རང་དབང་ལས་འགུལ། བོད་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པ་སོགས་ཀྱི་སྐོར་པར་དང་། སྦྱར་ཡིག་བྲིས་ནས་ངོ་རྒོལ་བྱེད་མཁན་དུ་མ་བྱུང་ཡོད་འདུག
གནད་དོན་དེ་ལ་བརྟེན་ནས་དྲྭ་ཐོག་ལ་རྒྱ་ནག་དམར་ཤོག་གཞུང་གིས་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་དབྱིན་ཡུལ་ལུང་པའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ཁྱབ་སྤེལ་བྱེད་ཀྱི་འདུག་ཅེས་གླེང་སློང་དང་། ཁ་རྡུང་གཏོང་མཁན་མི་ཁྲི་ཚོ་འགའ་ཤས་བྱུང་བར་བརྟེན། དྲ་ཐོག་ཏུ་གནད་དོན་དེ་གླེང་སློང་ཆེན་པོ་ཆགས་ཡོད་འདུག ཕྱིས་སུ་སྲང་ལམ་དེའི་ནང་བོད་པའི་སློབ་མ་འགའ་དང་། གཞོན་སྐྱེས་འགའ་ཤས་ཀྱིས་བོད་པའི་རྩ་དོན་དང་འབྲེལ་བའི་ཡི་གེ་བྲིས་ནས་ཁ་གཏད་གཅོག་བཞིན་ཡོད་པའི་བརྙན་དང་པར་རིས་ཀྱང་མཐོང་རྒྱུ་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།