དབྱིན་ཇིས་ནད་ཡམས་ཞི་བའི་རྗེས་རྒྱ་ནག་དང་སྔར་རྒྱུན་ལྟར་ཚོང་ལས་གཉེར་ཐབས་བྲལ་ཚུལ་བརྗོད་འདུག
དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་དང་སྲིད་བློོན་གྱི་ལས་ཚབ་ཌོ་མིན་ནག-རབ་(Dominic Raab)ཀྱིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཞི་རྗེས་དབྱིན་རྒྱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་“སྔར་རྒྱུན་ལྟར་”གནས་མི་སྲིད་ཚུལ་བཤད་དེ་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་ལམ་གསར་པ་ཞིག་འཛིན་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད་འདུག
དེ་ཡང་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་བསྡུས་པའི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་དུ། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཁོང་གིས་“དོན་རྐྱེན་འདིའི་རྗེས་སུ་ནད་ཡམས་ཇི་ལྟར་ཁྱབ་གདལ་ཕྱིན་ཚུལ་འདུས་པའི་གནད་དོན་ཁག་ལ་བསྐྱར་ཞིབ་ཤིན་ཏུ་ཟབ་མོ་ཞིག་ཅིས་ཀྱང་བྱ་དགོས་ཤིང་། ང་ཚོ་དེ་ལས་གཡོལ་ཐབས་བྲལ་བ་རེད་དྲན་གྱི་འདུག་”ཅེས་བརྗོད་འདུག
ཁོང་གི་སྐད་ཆ་དེ་ནི་ཨ་རིའི་ངོས་ནས་རྒྱ་ནག་སྲིད་གཞུང་གིས་ནད་ཡམས་ཀྱི་གནས་ཚུལ་སྦས་ནས་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་པར་སྐྱོན་བརྗོད་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་བཤད་པ་ཞིག་ཡིན་འདུག་སྟེ། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་པེ་ཅིང་གིས་ནད་ཡམས་སྦ་གསང་བྱས་ཏེ་གོ་ལ་ཁྱོན་ལ་ཁྱབ་ཏུ་བཅུག་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད།
དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཁོང་ལ་དཀའ་ཉེན་གྱི་མཇུག་རྫོགས་རྗེས་པེ་ཅིང་ལ་“འཁོན་ལན་”འདྲ་སློག་སྲིད་མིན་དྲིས་པར། ཁོང་གིས་“དཀའ་ཉེན་འདིའི་རྗེས་སུ་ང་ཚོ་སྔར་རྒྱུན་ལྟར་ཚོང་འབྲེལ་ཡོང་ཐབས་བྲལ་བ་དེར་དོགས་པ་ཅི་ཡང་བྱེད་མི་དགོས། ང་ཚོས་དཀའ་ཉེན་འདི་ཇི་ལྟར་བྱུང་བ་དང་། ཇི་ལྟར་སྔ་མོ་ནས་སྔོན་འགོག་ཐུབ་པ་ཞིག་ཡིན་པ་་སོགས་ཀྱི་གནད་དོན་ཁག་ལ་བལྟ་དགོས་”ཞེས་སྨྲས་འདུག
གཞན་ཡང་། བདུན་ཕྲག་འདིའི་འགོ་ལ་ཨ་རིའི་ཊོམ་སྲིད་གཞུང་ནས་དངོས་སུ་ནད་ཡམས་འདི་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་ཆགས་པའི་ནད་འབུ་བརྟག་དཔྱད་ཁང་(a loboratory)ནས་ཤོར་བ(འམ་བཏང་བ་)ཡིན་མིན་འདུས་པའི་ནད་འབུའི་འབྱུང་ཁུངས་འཚོལ་བཞིན་པའི་སྒང་ཡིན་སྐོར་བསྒྲགས་པ་དང་། དེ་བཞིན་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་བྷོ་ཁི་སི་གསར་ཁང་(Fox News)ནས་ཨ་རིའི་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo)ལ་བཅར་དྲི་ཞིག་བྱས་པའི་ནང་། ཁོང་གིས་ཨ་རིས་ནད་འབུ་དེ་གང་ནས་བྱུང་བ་དང་ཇི་ལྟར་ཁྱབ་པའི་ཐོག་ལ་འབད་བརྩོན་ཆེན་པོས་ཞིབ་འཇུག་བྱེད་ཀྱིན་ཡོད་ཅེས་བཤད་པའི་ཁར། “རྒྱ་ནག་གཞུང་གིས་དཀར་འདོན་བྱེད་དགོས་ལ། ཅི་ཞིག་བྱུང་བ་དང་ཅིའི་ཕྱིར་གནས་ཚུལ་རྣམས་སྦས་གསུང་བྱས་ཏེ་ཕྱི་ལ་མ་བཏོན་བའི་འགྲེལ་བརྗོད་བྱེད་དགོས་”ཞེས་བསྣན་འདུག
འདི་དག་གི་ལན་དུ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་ཀྲོའུ་-ལི་ཇན་(Zhao Lijian)གྱིས་ཚེས་ ༡༦ ཉིན་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ནས་“འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་ཡམས་དེ་ནད་འབུ་བརྟག་དཔྱད་ཁང་ནས་བཟོས་པ་ཡིན་པའི་དཔང་རྟགས་མེད་ཅེས་ཐེངས་མང་པོ་བཤད་ཡོད་”ཞེས་སྨྲས་འདུག ཡིན་ན་ཡང་། ད་ལྟའི་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་“རྒྱ་ནག་ལ་ཕྱོགས་པའི་”སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ཨ་རིས་རེ་ཞིག་རོགས་དངུལ་གཏོང་མཚམས་བཞག་སྟེ་ཞིབ་འཇུག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་སྤེལ་ཟིན་ཡོད།
དེ་མིན་ད་དུང་། ཉི་ཧོང་གིས་སྣེ་ཁྲིད་པའི་རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་རྒྱ་ནག་ཏུ་ཡོད་པའི་བཟོ་གྲྭ་དང་ཚོང་ལས་རྣམས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་དྲངས་ནས་རྒྱ་ནག་ལ་རྟེན་བ་ཉུང་དུ་གཏོང་བའི་འཆར་གཞི་འདིངས་པ་དང་། ལས་འཆར་རྩོམ་པའི་འགོ་འཛུགས་ཀྱིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།