དབྱིན་ཡུལ་གྱི་རྒྱལ་མོས་བྱང་ཀོ་རི་ཡར་འཚམས་འདྲི་ཞུས་འདུག

དབྱིན་ཡུལ་དང་བྱང་ཨར་ལེན་ཌའི་རྒྱལ་མོའི་ཡིག་ཚང་གིས། བྱང་ཀོ་རི་ཡའི་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོར་རྒྱལ་མོ་ཡིས་འཚམས་འདྲིའི་ཡི་གེ་བཏང་ཡོད་པ་ཁས་ལེན་བྱས་ཡོད་འདུག  

ཟླ་༩ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༩ ཉིན་བྱང་ཀོ་རི་ཡས་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༣ འཁོར་བའི་ཉིན་མོ་སྲུང་བརྩི་བྱས་ཡོད་འདུག་པ་དང་། ཚེས་༧ ཉིན་དབྱིན་ཡུལ་དང་བྱང་ཨར་ལན་ཌའི་རྒྱལ་མོའི་ཚབ་བྱས་ནས་འབྲེལ་ཡོད་ཡིག་ཚང་ནས། བྱང་ཀོ་རི་ཡར་འཚམས་འདྲི་ཞུས་ཡོད་འདུག དེ་ཡང་འཚམས་འདྲིའི་ཡི་གེའི་ནང་དུ་བྱང་ཀོ་རི་ཡའི་མི་མང་གིས་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུ་བ་དང་བསྟུན། ངས་ཁྱེད་ཅག་གི་མ་འོངས་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ཅེས་འཁོད་ཡོད་འདུག 

སྤྱིར་བཏང་ད་བར་དབྱིན་ཡུལ་དང་བྱང་ཨར་ལན་ཌའི་རྒྱལ་མོ་ཨཱི་ལི་ཛེ་བྷེཐ་ཡིས། འཛམ་གླིང་ནང་གི་རྒྱལ་ཁབ་ཚང་མ་དབུ་བརྙེས་པའི་ཉིན་མོ་དང་བསྟུན་ནས་འཚམས་འདྲི་ཞུ་ཡི་ཡོད་འདུག་ཀྱང་། བྱང་ཀོ་རི་ཡ་ནི་རྒྱལ་སྤྱིའི་ནང་རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་ལམ་བཟང་པོ་མེད་རྐྱེན། སྟོབས་ཆེན་རྒྱལ་ཁབ་གཅིག་གི་རྒྱལ་མོས་འཚམས་འདྲི་ཞུས་པ་དེ་གནས་ཚུལ་ཆེན་པོ་ཆགས་འདུག་ཀྱང་། རྒྱལ་མོའི་ཡིག་ཚང་གིས་གསལ་བཤད་བྱེད་དོན་ལ། རྒྱལ་མོ་ཡིས་ལོ་སྔོན་མ་དང་དེ་བཞིན་འདས་པའི་ལོ་མང་ལྟར་འདི་ལོར་ཡང་བྱང་ཀོ་རི་ཡར་འཚམས་འདྲི་ཞུས་པ་ཞིག་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཚང་མ་དབུ་བརྙེས་པའི་ཉིན་མོར་འཚམས་འདྲི་ཞུ་ཡི་ཡོད་སྐོར་བརྗོད་ནས། བྱང་ཀོ་རི་ཡར་དམིགས་བསལ་བྱས་པ་ཞིག་མིན་པའི་བརྡ་ལན་སྤྲད་འདུག 

ད་བར་བྱང་ཀོ་རི་ཡ་གཞུང་གིས་རྒྱལ་ཁབ་དེའི་ནང་ཏོག་དབྱིབས་ནད་དུག་གི་ནད་པ་གཅིག་ཀྱང་ཐོན་མེད་སྐོར་བརྗོད་བཞིན་ཡོད་པ་དང་། ས་མཚམས་ཚང་མ་སྒོ་བརྒྱབ་ཡོད་ཁར་མི་མང་གི་འགྲོ་སྐྱོད་བཀག་སྡོམ་ཆེན་པོ་བྱེད་བཞིན་ཡོད་པས། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་རོགས་ཚོགས་ཀྱི་ལས་བྱེད་མང་ཆེ་བ་ཞིག་བྱང་ཀོ་རི་ཡ་ནས་ཐོན་ཟིན་པ་རེད་འདུག དེ་བཞིན་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་བཏང་ཡོད་རྐྱེན། རྒྱལ་ཁབ་ནང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག་པས། ཉེ་ཆར་ཟླ་༧ པའི་ཚེས་༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་བཟུང་། ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་ཚང་མའི་ཆེད་དུ། འབྲེལ་ལམ་གྱི་བརྒྱུད་ལམ་དམིགས་བསལ་བ་སྒོ་འབྱེད་རྒྱུ་ཡིན་པ་དང་། ཐག་གཅོད་དེས་ཕྱོགས་གཉིས་བར་གྱི་ཡིད་ཆེས་དང་འགྲིགས་འཇགས་བསྐྱར་གསོ། དེ་བཞིན་འབྲེལ་ལམ་གོང་འཕེལ་འགྲོ་བར་བཟང་པོའི་ཤུགས་རྐྱེན་ཡོང་རྒྱུ་ཡིན་སྐོར་བསྒྲགས་འདུག 

དེ་ལྟར་བྱེད་དགོས་དོན་ཡང་ཏོག་དབྱིབས་ནད་དུག་གི་ཤུགས་རྐྱེན་དང་དཔལ་འབྱོར་ཉེས་ཆད་ཀྱི་ཤུགས་རྐྱེན། དེ་བཞིན་འབྱུང་བའི་གནོད་འཚེ་བཅས་ལ་བརྟེན་ནས་བྱང་ཀོ་རི་ཡར་བཟའ་ཆས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། ཀེམ་ཇོང་ཨན་གྱིས་ལྷོ་ཀོ་རི་དང་འབྲེལ་ལམ་བསྐྱར་འཛུགས་ཀྱིས་དཀའ་ངལ་དེ་ལས་ཐར་ཐབས་དང་། འབྲེལ་ལམ་དེ་བརྒྱུད་ནས་རྒྱལ་སྤྱིའི་ནང་བྱང་ཀོ་རི་ཡའི་འབྲེལ་ལམ་བསྐྱར་འཛུགས་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པའི་བསམ་ཚུལ་འདོན་མཁན་མང་པོ་འདུག འོན་ཀྱང་ཟླ་༩ པའི་ཚེས་༡༥ ཉིན་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་མཁན་གྱི་མེ་ཤུགས་འཕུར་མདའ་གཉིས་ཚོད་ལྟ་བྱས་ནས་མཚོའི་ནང་དུ་འཕངས་འདུག་པས། བྱེད་སྟངས་དེ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།