དབྱིན་ཡུལ་དང་ཉི་ཧོང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་འདུག 

ཟླ་འདིའི་ཚེས་༡༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་དང་ཉི་ཧོང་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་ཉི་ཧོང་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་གསུམ་པ་ནས་བཞི་པར་ཟག་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༣ ལོར་ཉི་ཧོང་གི་དཔལ་འབྱོར་བརྒྱ་ཆ་༡.༩ འཕར་ཡོད་ན་ཡང་། ཉི་ཧོང་གི་རྒྱལ་ནང་ཐོན་སྐྱེད་ཁྱོན་བསྡོམས་ཀྱི་བསྡོམས་འབོར་དེ་འཇར་མན་ལས་ཉུང་བར་གྱུར་ཡོད་པར་བརྟེན། ཉི་ཧོང་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་གསུམ་པ་ནས་ཨང་བཞི་པར་ཟག་ཡོད་འདུག དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གི་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་ནས་ཕྱི་ལོ་༢༠༡༠ བར་ཨ་རི་ཕུད་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་དང་པོའི་གོ་གནས་བླངས་ཡོད་འདུག ཕྱི་ལོ་༢༠༡༠ ནས་རྒྱ་ནག་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པར་གྱུར་པ་དང་། ཉེ་ཆར་འཇར་མན་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་གསུམ་པ་དང་ཉི་ཧོང་གི་དཔལ་འབྱོར་ཨང་བཞི་པར་ཆགས་ཡོད་འདུག ད་ལྟའི་ཆར་རྒྱལ་ཁབ་མང་པོ་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པ་ལྟར། ཉི་ཧོང་དང་འཛམ་གླིང་ཐོག་དཔལ་འབྱོར་ཨང་དྲུག་པ་ཡིན་པའི་དབྱིན་ཡུལ་གཉིས་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག ལོ་འདིའི་ནང་དབྱིན་ཡུལ་ནང་འོས་བསྡུ་བྱེད་རྒྱུ་དང་ལོ་རྗེས་མ་ལ་ཉི་ཧོང་ནང་དུ་ཡང་འོས་བསྡུ་བྱེད་རྒྱུ་ཡིན་སྟབས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འགོ་ཁྲིད་ཚོ་ལ་དཀའ་ངལ་འཕར་མ་ཞིག་འཕྲད་རྒྱུ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཡང་དཀའ་ངལ་འཕྲད་རྒྱུ་ཡིན་པ་དེ་རིང་གི་རྒྱ་གར་(INDIA TODAY) ་ཞེས་པའི་གསར་ཁང་གིས་བརྗོད་འདུག རྒྱལ་ཁབ་དེ་གཉིས་ཀྱི་ནང་དུ་ཅ་དངོས་ཉོ་མཁན་ཚོས་དངོས་ཟོག་ཉོ་རྒྱུ་ཉུང་དུ་བཏང་བས་བཟོ་གྲྭ་ཁག་གིས་དངོས་ཟོག་བཟོ་སྐྲུན་བྱེད་རྒྱུ་ཉུང་དུ་གཏོང་དགོས་ཁེལ་བ་མ་ཟད། ལས་མི་ཉུང་དུ་གཏོང་བཞིན་ཡོད་འདུག་པ་དང་། རྒྱལ་ཁབ་ནང་ལས་མེད་མང་དུ་འགྲོ་བའི་དབང་གིས་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་འདུག ལྷག་པར་དུ་ཉི་ཧོང་ནང་རྒན་འཁོགས་མང་བ་དང་། དངུལ་ལོར་གྱི་འཛའ་ཆག་པས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།