དམག་གི་རྒྱབ་རྟེན་མེད་པའི་གྲོས་མོལ་ནི་དགྲ་བོ་ལ་མགོ་འདོགས་པ་རེད་ཟེར།
ད་ལྟའི་ཆར་ཐའེ་ཝན་དང་རྒྱ་ནག་གཉིས་བར་གྱི་གནས་སྟངས་དེ་ཧ་ཅང་གི་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ཐའེ་ཝན་གྱིས་ཨ་རི་ནས་ཨ་སྒོར་ཐེར་འབུམ་མང་པོ་སྤྲད་ནས་གོ་མཚོན་ཉོ་བ་དང་། ཐའེ་ཝན་གྱི་བདེ་སྲུང་ཆེད་ལོ་རེའི་སྔོན་རྩིས་མང་དུ་བཏང་བ་དང་། ཉི་ཧོང་དང་ཐའེ་ཝན་གཉིས་ཀྱིས་གྲོས་མཐུན་བཞག་པ་སོགས་ལ་བརྟེན་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་འདུག

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༣ ཉིན་ཐའེ་པེ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཚེས་༢ ཉིན་ཐའེ་ཝན་གྱི་སྲིད་འཛིན་ལའེ་ཆིན་ཏི་(賴清德)ཡིས་ཐའེ་ཝན་གྱི་དམག་མི་ཟུར་འཇོག་བྱས་པའི་དམག་སྡེ་ཞིག་ལ་གཟིགས་སྐོར་དུ་ཕེབས་ཡོད་འདུག་པ་དང་། སྐབས་དེ་དུས་ཁོང་གིས་ཐའེ་ཝན་གྱི་དམག་གི་སྟོབས་ཤུགས་གོང་འཕེལ་དུ་བཏང་ནས་རྒྱལ་ཁབ་ཀྱི་མངོན་འདོད་སྲུང་སྐྱོབ་བྱེད་དགོས་པ་ལས། ཞི་བའི་གྲོས་མཐུན་ཙམ་གྱིས་ཞི་བདེ་རྒྱུན་གནས་མི་ཐུབ་པས། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་གྲོས་མཐུན་གང་འདྲ་ཞིག་ཡིན་རུང་དེའི་རྒྱབ་ཏུ་དམག་དཔུང་སྟོབས་ཤུགས་ཅན་ཞིག་ཡོད་དགོས་པ་དང་། ཞི་བདེ་ནི་ཞི་བདེའི་གྲོས་མཐུན་ཟེར་བའི་ཤོག་བུ་ཞིག་གི་སྟེང་ནས་ཐོབ་ཐུབ་པ་ཞིག་མིན་ལ། དེ་ནི་བཙན་འཛུལ་བའི་རེ་འདོད་ལ་མགོ་སྒུར་བ་ཙམ་ལས་ཞི་བདེ་ཡོང་མི་སྲིད་པ་ཞིག་རེད་ཅེས་སྲིད་འཛིན་ཁོང་གིས་དམག་སྦྱོང་ལ་གཟིགས་ཞིབ་གནང་སྐབས་གསུངས་འདུག།
དེ་བཞིན་ཁོང་གིས་ང་ཚོས་གྲོས་མོལ་བྱེད་སྐབས་སུའང་། རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་རྒྱབ་རྟེན་དུ་སྟོབས་ཤུགས་སྲ་བརྟན་ཞིག་དགོས། རྒྱབ་སྐྱོར་དུ་སྟོབས་ཤུགས་འདང་ངེས་ཤིག་མེད་ན། མཐའ་མར་གྲོས་མཐུན་དེ་དགྲ་བོར་མགོ་བཏགས་པར་འགྱུར་ངེས་ཡིན་པས། དམག་མི་རྣམས་ཀྱིས་དམག་སྦྱོང་དང་གྲ་སྒྲིག་ནི་རྒྱལ་ཁབ་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་ནན་བརྗོད་གནང་འདུག
ད་ལྟའི་ཆར་དམག་སྦྱོང་ཁྲོད་མེད་དུ་མི་རུང་བ་ནི་མི་མེད་གནམ་གྲུ་གཏོང་སྟངས་ཤེས་དགོས་པ་དང་། གཞན་ཨ་རི་ནས་དམག་སྦྱོང་ཐོབ་ཟིན་པའི་དམག་མི་རྣམས་ཀྱིས་དམག་སྦྱོང་སྤྲོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་དང། ད་ལྟ་རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་ཡང་ཡང་བྱེད་བཞིན་པའི་དུས་སྐབས་འདིར། གཞུང་གིས་བདེ་སྲུང་གི་མ་དངུལ་མང་དུ་བཏང་ནས་མང་གཙོ་དང་རང་དབང་། རྒྱལ་ཁབ་ཀྱི་བདེ་འཇགས། མངའ་ཁོངས་སྲུང་སྐྱོབ་ཐད་ནམ་ཡང་གུ་ཡངས་དང་མགོ་སྒུར་རྒྱུ་མིན་ཞེས་བསྒྲགས་འདུག།
ཉེ་ཆར་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་(蕭美琴)གྱིས་ཨ་རིའི་གསར་ཁང་ཞིག་གི་བཅར་འདྲིའི་སྐབས། ཞི་བདེ་ནི་ཕྱོགས་གཅིག་གིས་གཞན་ཞིག་ལ་དབང་བསྒྱུར་ནས་ཡོང་ཐབས་མེད་པ་དང་། ཕྱོགས་གཅིག་གིས་ཕྱོགས་གཞན་པ་དེ་ལ་འཇིགས་སྐུལ་དང་གཉའ་གནོན་བྱེད་ཚེ། དེ་ལ་གདོང་ལེན་དང་ཁ་གཏད་ཅིག་རྟག་ཏུ་ཡོང་རྒྱུ་ཡིན་པས་ཞི་བདེ་ཞིག་ཡོང་ཐབས་རྩ་བ་ནས་མེད་ཅེས་གསུངས་འདུག
གལ་སྲིད་ཕྱོགས་གཉིས་ཀས་གཅིག་གིས་གཅིག་ལ་གུས་བཀུར་བྱས་ཚེ་ལས་དོན་མང་པོ་ཞིག་འགྲུབ་ཐུབ་པ་དང་། ཕྱོགས་གཉིས་བར་ཞི་བདེ་ཡོང་ཐུབ་རྒྱུ་ཡིན་ཞེས་གསུངས་འདུག་ལ། མ་འོངས་པར་ཐའེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་འགྲོ་གྲོན་མང་དུ་གཏོང་རྒྱུ་དང་། ཨ་རིས་གཙོས་མང་གཙོའི་རྒྱལ་ཁབ་ཁག་དང་ལྷན་དུ་མཉམ་འབྲེལ་ཐོག་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། བདུན་ཕྲག་སྔོན་མར་ཐའེ་ཝན་གྱི་བདེ་སྲུང་ཆེད་མ་དངུལ་ཨ་སྒོར་ཐེར་འབུམ་༤༠ གཏོང་རྒྱུའི་གསལ་བསྒྲགས་ཀྱང་བྱས་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
