དམག་མི་ཉི་མ་བསྟན་འཛིན་སྐུ་གྲོངས་པར་རྒྱ་གར་དང་བོད་མི་ཚོས་གུས་འདུད་ཞུས་འདུག

དེ་རིང་ཞོགས་པར་ལ་དྭགས་ཀྱི་རྒྱལ་ས་སླེ་ཡི་བདེ་བ་ཅན་དུར་ཁྲོད་དུ། བདུན་ཕྲག་གོང་མར་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་བྱེད་དུ་ཕེབས་སྐབས་བཞིན་པའི་སྐུ་གྲོངས་པའི་རྒྱ་གར་གྱི་དམག་སྡེ་ཨང་༢༢ པའི་ནང་ཡོད་པའི་བོད་མི་བརྒྱ་དཔོན་ཉི་མ་བསྟན་འཛིན་གྱི་སྐུ་ཕུང་ཞུགས་འབུལ་བྱེད་སྐབས། ལ་དྭགས་ས་ཁུལ་གྱི་བོད་པ་དང་ཡུལ་མི་ཚོས་ཁོང་ལ་གུས་འདུད་དང་སེམས་ཚོར་དྲག་པོས་ཕེབས་སྐྱེལ་ཞུས་འདུག 

རྒྱ་གར་གྱི་དམག་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་བརྗོད་པ་ལྟར་ན། ལོ་ན་༥༡ ལ་ཕེབས་པའི་བོད་ཀྱི་བརྒྱ་དཔོན་ཁོང་གནས་ཚང་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་ཆེད་དུ་དཔལ་མགོན་མཚོའི་ལྷོ་ངོགས་སུ་ཕེབས་བཞིན་བཞིན་པའི་སྐབས། ས་འོག་ཏུ་སྦས་པའི་འབར་རྫས་གད་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག།

དེ་རིང་རེས་གཟའ་ཟླ་བའི་ཉིན། དཔའ་བོ་ཁོང་གི་སྐུ་ཕུང་གསོད་ནམས་གླིང་སྨན་ལྷ་གཞིས་གྲོང་དང་པོའི་གཟིམ་ཤག་ནས་དུར་ཁྲོད་དུ་གདན་འདྲེན་ཞུས་སྐབས། འཕགས་བོད་ཀྱི་རྒྱལ་དར་ཕྱར་ནས་མ་ཎི་འུར་འདོན་བྱེད་མཁན་གྱི་མི་མང་ཚོས་གཞུང་ལམ་གཡས་གཡོན་གཉིས་སུ་ལངས་ནས་ཁོང་ལ་གུས་འདུད་དང་སྐྱེལ་མ་ཞུས་འདུག

བརྒྱ་དཔོན་ཉི་མ་བསྟན་འཛིན་གྱི་ཞུགས་འབུལ་ཐོག རྒྱ་གར་བྷེ་ཇི་ཕི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་རཱམ-མ་དྷེ་ཝ་(Ram Madhav)ཡང་ཕེབས་ནས་ཁོང་ལ་གུས་དུད་ཞུས་པ་མ་ཟད། ཁོང་གིས་ཋོའུ་ཋར་དྲ་བའི་ཐོག་ཏུ་“[དེ་རིང་]ང་ཚོའི་ལ་དྭགས་ས་མཚམས་སྲུང་སྐྱོབ་ཆེད་དུ་ལུས་སྲོག་བློས་གཏོང་མཁན་གྱི་དམག་སྡེ་ཨང་༢༢ པའི་བརྒྱ་དཔོན་ཉི་མ་བསྟན་འཛིན་གྱི་ཞུགས་འབུལ་ལ་བཅར་བ་ཡིན། སྙིང་སྟོབས་ཅན་གྱི་དམག་མི་འདི་ལྟ་བུའི་བློས་གཏོང་གིས་ཧིན་བོད་ས་མཚམས་རྒྱུད་དུ་ཞི་བདེ་འདྲེན་པར་ཤོག”ཅེས་བྲིས་ན་བཏང་བའི་རྗེས། ཁོང་གི་རྩོམ་ཐུང་དེ་ཕྱིར་བསུབས་འདུག 

སྤྱི་ཚོགས་དྲ་ལམ་དང་བརྒྱུད་ལམ་ཁག་ཏུ་ཤུགས་ཆེར་ཁྱབ་བཞིན་པའི་བརྙན་ཐུང་རྣམས་ཀྱི་ནང་དུ། རྒྱ་གར་གྱི་མཐའ་མཚམས་སྲུང་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་ཁོང་ལ་གུས་འདུད་དང་ཕེབས་སྐྱེལ་ཞུ་རུ་ཡོང་བའི་མི་མང་ཚོས་དཔའ་བོ་ཁོང་གི་ཆེད་དུ་བསྔོ་སྨོན་བྱེད་པ་དང་། སྐད་ཤུགས་ཆེན་པོས་“རྒྱ་གར་རྒྱལ་ཁབ་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ཁབ་ཁྲི་ལོ་བརྟན་པར་ཤོག་”ཅེས་འབོད་བཞིན་འདུག 

དམག་སྡེ་ཨང་༢༢ པ་(Special frontier force)ནི། རྒྱ་གར་གྱི་གྱི་བོད་མིའི་དམག་སྡེ་ཞིག་ཡིན་པ་དང་། དེའི་ནང་དུ་སྐྱེས་པ་དང་བུད་མེད་གཉིས་ཀ་ཡོད། དམག་སྡེ་དེ་ཐོག་མར་ཕྱི་ལོ་༡༩༦༢ ལོར་འགོ་བཙུགས་པའི་རྗེས།  རྒྱ་གར་གྱི་དམག་འཁྲུག་མང་པོ་(ཕྱི་ལོ་ ༡༩༧༡ ལོའི་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་འཁྲུག་ནས་ ༡༩༩༩ ལོའི་ཁར་གྷལ་གཡུལ་(Kargil battle) ཡི་ནང་དུ་གལ་འགངས་ཆེ་བའི་རྒྱལ་ཁ་ཐེངས་མང་ལེན་མྱོང་ཡོད་ན་ཡང་། རྒྱ་གར་གཞུང་གིས་གནས་ཚུལ་དེ་གསང་བ་བྱས་ནས་བཞག་པར་བརྟེན། ད་ལྟའི་བར་དུ་རྒྱ་གར་གྱི་མི་མང་ཁྲོད་དུ་བོད་པའི་དམག་མི་དེ་དག་གིས་རྒྱ་གར་རྒྱལ་ཁབ་ཀྱི་ཆེད་དུ་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་དང་རྒྱལ་ཁའི་སྐོར་ལ་ཤེས་རྟོགས་ཡོད་མཁན་དང་། གུས་བཀུར་ཞུ་མཁན་ཉུང་ཉུང་ཆགས་ཡོད་སྐོར་གྱི་གནས་ཚུལ་ཡང་འདུག 

ཟླ་འདིའི་ཚེས་༧ ཉིན་གྱི་དགོང་མོ་དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག འདས་པོ་ཁོང་ལ་མི་མང་གིས་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་ཞིག་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་དཀོན་མཆོག་རབ་བརྟན།