དམིགས་ཡུལ་ངན་ཡང་བརྡ་ལན་ཡག

ཉེ་ཆར་རྒྱ་དམར་གཞུང་གིས་བོད་རིག་པ་ཟེར་བའི་ཚོགས་ཆེན་ཞིག་ཕྱི་ཟླ་༨ པའི་ཚེས་༡༤ ནས་༡༦ བར་ཉིན་གསུམ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས། སྐབས་དེར་བོད་རིག་པའི་མཁས་པའི་མིང་ཐོག་ནས་ཚོགས་བཅར་བ་མི་གྲངས་༣༢༠ ཙམ་འཛོམས་ཡོད་ཚུལ་དང་། དེའི་ནང་གི་མི་གྲངས་༤༠ ཙམ་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་བོད་རིག་པའི་མཁས་པ་ཡིན་ཚུལ་ཡང་བརྗོད་འདུག སྐབས་དེར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་ཆེན་པོ་ཞིག་བཟུང་ནས་བོད་ཅེས་པའི་ཚིག་དབྱིན་ཡིག་ནང་Tibet བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱས་ནས། དེའི་ཚབ་ཏུ་བོད་ཅེས་པར་ཕིན་ཡིག་ནང་Xizang ཞེས་པ་བེད་སྤྱོད་བྱེད་དགོས་པའི་ཐག་གཅོད་བྱས་པ་ཕྱིར་བསྒྲགས་བྱས་འདུག རྩ་བས་རྒྱ་དམར་གཞུང་གི་དབྱིན་ཡིག་གི་གསར་ལམ་ཁག་ཏུ་ལོ་ཤས་སྔོན་ནས་རིམ་པས་བོད་ཅེས་པའི་མིང་འབྲི་སྐབས་Xizang བེད་སྤྱོད་གཏོང་འགོ་ཚུགས་ཡོད་ཀྱང་། ཡོངས་ཁྱབ་བེད་སྤྱོད་དགོས་པའི་བཀའ་ཁྱབ་བཏང་བ་ཐོག་མ་ཡིན་པས། རྒྱལ་སྤྱིའི་ནང་དོ་སྣང་དམིགས་བསལ་ཞིག་བྱེད་ངེས་རེད། རྒྱ་དམར་གཞུང་གིས་དེ་ལྟར་བྱེད་དགོས་དོན་སྐོར། “རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དག་སྲ་བརྟན་ཡོང་ཐབས་སུ་བོད་ཀྱི་མིང་བརྗེ་བོ་རྒྱག་རྒྱུ་ནི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། Tibet ཟེར་བའི་བོད་ཀྱི་མིང་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ས་ཁམས་ཆགས་ཚུལ་ཐོག་ནས་གོ་བ་ལོག་པ་ཞིག་ལེན་གྱི་ཡོད་པར་བརྟེན། བོད་ཟེར་བའི་མིང་དེ་རྒྱ་ཡིག་ནང་ཡོད་པའི་ཤིས་ཙང་ཟེར་བའི་རྒྱ་ཡིག་གི་ཕིན་ཡིག་བེད་སྤྱོད་གཏོང་དགོས་པར་བརྗོད་འདུག དེ་བཞིན་Tibet ཟེར་བའི་མིང་ཚིག་དེ་རྒྱ་ནག་གི་ཕྱི་ལོག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། མིང་ཚིག་དེ་བོད་གཅིག་པུ་མ་ཡིན་པར་དེའི་ནང་རྒྱ་ནག་གི་ཞིང་ཆེན་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱང་ཚུད་ཀྱི་ཡོད་པས། དེ་ནི་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་རྗོད་བཞིན་པའི་བོད་ཆེན་པོ་ཟེར་བ་དེ་དང་གཅིག་མཚུངས་སུ་གྱུར་ཡོད་”ཅེས་བརྗོད་འདུག་པས། དོན་དངོས་སུ་Tibet ཞེས་པར་རྒྱལ་སྤྱིའི་ཁྲོད་བོད་ས་སྤྱི་ཡོངས་ལ་གོ་བའི་ཐོག་ནས་རྒྱ་གཞུང་གིས་བརྗེ་བོ་བརྒྱབ་ཚུལ་གསལ་ཁ་བཏོན་འདུག གནད་དོན་དེའི་ཐོག་ནས་བསམ་བློ་བཏང་ན། རྒྱ་དམར་གཞུང་གིས་ཨ་སྒོར་དུང་ཕྱུར་མང་པོ་བཏང་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་རྫུན་མ་སྣ་ཚོགས་སྤེལ་བཞིན་ཡོད་ཀྱང་། བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ཀྱིས་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་དོན་བདེན་པའི་གནས་ལུགས་དྲིལ་བསྒྲགས་བྱས་པ་ལ་བརྟེན་ནས་Tibet ཞེས་བརྗོད་སྐབས། བོད་ས་ཁྱོན་ཡོངས་ལ་གོ་ཐུབ་པ་ཞིག་ཆགས་ཡོད་པ་རྒྱ་གཞུང་གིས་ཀྱང་མི་འདོད་བཞིན་དུ་ཁས་ལེན་བྱེད་དགོས་ཐུག་པ་རེད། བཙན་བྱོལ་བོད་མིའི་ལས་དོན་ལ་གྲུབ་འབྲས་གཏན་ནས་མེད་ཚུལ་བརྗོད་མཁན་དག་ལ་དོན་གྱིས་ལན་འདེབས་ཤིག་ཏུ་གྱུར་ཡོད་པ་དང་། རྒྱ་དམར་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་གཅིག་པུ་ཙམ་མ་ཡིན་པར། བོད་(Tibet)ཅེས་པ་དེ་བོད་ས་ཁྱོན་ཡོངས་ལ་གོ་བ་ལེན་དགོས་པ་ནི་དོན་དངོས་དང་མཐུན་པ་མ་ཟད། ད་ལན་རྒྱ་དམར་གཞུང་གིས་ཐག་གཅོད་དང་ཁྱབ་བསྒྲགས་དེ་ལ་བརྟེན་ནས་ཀྱང་ར་སྤྲོད་བྱུང་བ་རེད། རྒྱ་གཞུང་གིས་བོད་ཀྱི་མིང་དབྱིན་ཡིག་གི་མིང་Tibet ཞེས་པ་བརྗེ་བསྒྱུར་གྱིས། དེའི་ཚབ་ཏུ་མ་འོངས་པར་Xizang བེད་སྤྱོད་མ་བྱས་ཐབས་མེད་ཆགས་པའི་རྒྱུ་མཚན་དང་དམིགས་ཡུལ་ངན་པ་རྣམས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གསལ་པོ་བྱེད་དགོས་པ་དང་། བོད་ཀྱི་མིང་དབྱིན་ཡིག་ནང་Tibet ཞེས་ཡོངས་ཁྱབ་ཆགས་ཡོད་པ་གཏན་ནས་མི་བརླག་ཆེད་ནུས་པ་འདོན་དགོས། འདི་ནི་བཙན་བྱོལ་བོད་གཞུང་གི་མི་ལོ་དྲུག་ཅུ་ལྷག་གི་རིང་དྲིལ་བསྒྲགས་ཀྱི་ནུས་པ་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་དང་། ཕྱོགས་གཅིག་ནས་རྒྱ་དམར་གཞུང་གིས་ད་ལན་ཐག་གཅོད་དེ་ལྟར་བྱས་པའི་དམིགས་ཡུལ་མི་འགྲུབ་ཆེད་ཐབས་ཤེས་གང་ཡོད་ཀྱིས་ཁ་གཏད་གཅོག་དགོས་པ་ནི་དེ་བས་ཀྱང་གལ་ཆེན་པོ་ཡིན། བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ནུས་པ་མི་དམན་པ་ཞིག་ཡོད་པ་དེ་བེད་སྤྱོད་ཚད་དང་ལྡན་པ་ཞིག་མུ་མཐུད་བྱ་རྒྱུ་དེ་མིག་མདུན་དུ་ལྷགས་པའི་འགན་ཁུར་ཉག་གཅིག་ཏུ་གྱུར་ཡོད། མདོར་ན་རྒྱ་གཞུང་གིས་འགྲོ་སོང་ཕོན་ཆེ་བཏང་བའི་དྲིལ་བསྒྲགས་ཀྱི་དམིགས་ཡུལ་མ་འགྲུབ་པར་སྡུག་སྐད་ཤོར་བ་མ་ཟད། ད་ཆ་རྒྱུན་རིང་བེད་སྤྱོད་བཏང་བའི་མིང་ཚིག་ཀྱང་བརྗེ་བོ་རྒྱག་དགོས་ཐུག་པ་འདིའི་ཐོག་ནས། བཙན་བྱོལ་བོད་མི་ལ་དཔལ་འབྱོར་དང་དམག་དོན་གྱི་ནུས་པ་མེད་ཀྱང་། དྲང་བདེན་དང་ཤེས་ཡོན་གྱི་ནུས་པ་དེར་སྤོབས་པ་དང་ངོས་འཛིན་གསལ་པོ་དགོས་པ་དང་། ད་ལྟའི་ཆར་ན་གཞོན་དབྱིན་ཇིའི་སྐད་ཡིག་ཤེས་མཁན་དང་། རྒྱ་གར་སོགས་སྐད་ཡིག་གཞན་དག་ཤེས་མཁན་དག་གིས་བོད་དོན་དྲིལ་བསྒྲགས་ཀྱི་ཐོག་ལ་དོ་སྣང་བྱེད་དགོས་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ན་གཞོན་ཤེས་ཡོན་དང་དོ་སྣང་ཅན་རྣམས་ལ་བོད་དོན་ཁྱབ་བསྒྲགས་ཀྱི་ཟབ་སྦྱོང་ཚད་དང་ལྡན་པ་དུས་ནས་དུས་སུ་སྤྲོད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ད་ལན་དབྱིན་ཡིག་ནང་བོད་ཀྱི་ཐ་སྙད་བརྗེ་བསྒྱུར་བྱས་པའི་གནས་ཚུལ་འདི་རྒྱ་གཞུང་གི་དམིགས་ཡུལ་ངན་པ་ཞིག་ཡིན་ཡང་། བརྡ་ལན་ཡག་པོ་ཞིག་སྤྲད་ཡོད་པ་དེ་ང་ཚོས་ངོས་འཛིན་གསལ་པོ་བྱེད་དགོས།།