དར་ཆ་གསལ་སྟོན་ཐོག་ཁ་བྲལ་ལ་ངོ་རྒོལ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་དགོས་ཟེར།

“ཐོག་མཐའ་བསར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ།  གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་།  དར་ཆ་གསལ་སྟོན་ཐོག་ཁ་བྲལ་ལ་ངོ་རྒོལ་བྱས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་དགོས”ཞེས་བརྗོད་འདུག

ཕྱི་ལོ་༢༠༡༩ ཟླ་ ༡ ཚེས་༡༨ ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་བོད་ལྗོངས་འཕྲིན་དྲ་ཞེས་པར་བཀོད་པའི་གནས་ཚུལ་དུ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནས་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུ་ཞེས་པ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་རང་སྐྱོང་ལྗོངས་ཞེས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཟེར་བ་ཚོགས་འདུར་ཞུགས་ཏེ་གཏམ་བཤད་བྱས་ཡོད་པ་རེད། གཏམ་བཤད་ནང་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་སུ་བརྟན་ལྷིང་ཡོང་བར་བྱས་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་༧༠ འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་༦༠ འཁོར་བར་བསུ་བ་ཞུ་དགོས་ཚུལ་སོགས་བརྗོད་ཡོད་པ་དང་།  དེ་བཞིན་སྤྱི་ཚོགས་བརྟན་ལྷིང་སྐོར་བཤད་དོན་“ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས།  རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ།  གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་།  དར་ཆ་གསལ་སྟོན་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་དགོས”ཞེས་བརྗོད་འདུག

གཞན་ཡང་གྲོང་ཚོ་དང་དགོན་པར་དོ་དམ་བྱེད་ཕྱོགས་སྐོར་བཤད་དོན། “སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་དང་།  དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་རྒྱུ་དང་ཡིག་སྐུར་ངོ་བཅར་གྱི་ལས་དོན་འོས་འཚམ་དང་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་འགལ་ཟླ་རྣམས་གཞི་རིམ་དུ་སེལ་དགོས”་ཚུལ་དང་།  དེ་མིན་སློབ་ཆེན་ཚོར་ཆབ་སྲིད་བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སློབ་གསོའི་མཛད་ཕྱོགས་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྔ་དང་སྨྲ་བ་གཉིས་ཀྱི་སློབ་གསོ་ཤུགས་ཆེར་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་ཤུགས་ཆེ་བཏང་སྟེ། རྒྱ་ཆེའི་དགེ་སློབ་ཚོའི་གདེང་ཚོད་བཞི་དང་མོས་སེམས་ལྔ་སྔར་བས་ཆེ་རུ་གཏོང་དགོས་ཚུལ་སོགས་བརྗོད་འདུག
གཞན་ཡང་ཉིན་ཤས་སྔོན་འཚོགས་པའི་ཚོགས་འདུ་དེའི་སྔ་ཕྱི་བར་གསུམ་དུ་རྒྱ་གཞུང་གི་འགོ་ཁྲིད་ཀྱི་གཏམ་བཤད་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཟེར་བའི་དཔྱད་གཏམ། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོངས་ལྗོངས་མི་དམངས་སྲིད་གཞུང་ནས་ཆེད་དུ་བྲིས་པ། “བོད་ལ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་༤༠ ཡི་རིང་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ཉམས་མྱོང་བློ་འབྱེད་”ཅེས་པ་སྟོད་ཆ་དང་སྨད་ཆ། དེ་བཞིན་བོད་ལྗོངས་མི་དམངས་མཐོ་རིམ་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སོགས་ལས་ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུ་དེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཚུལ་དང་“དགྲ་ཡའི་ཕྱོགས་གཏོགས་ལ་གོ་སྐབས་ཏིལ་འབྲུ་ཙམ་ཡང་སྤྲོད་མི་རུང་”ཞེས་སོགས་བརྗོད་ཡོད་པ་རེད།

མ་ཟད་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནད་བསྡུས་ཞེས་པའི་ནང་དུ། “ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ལ་བརྩི་བ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ལྡོག་མེད་ཅིག་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ། རིགས་འདྲ་མིན་གྱི་སིམ་འཛུལ་དང་། རྩ་སློག གཏོར་བཤིག་བཅས་དང་། གཏུམ་སྤྱོད་འཇིགས་སྐུལ། མི་རིགས་ཁ་ཕྲལ། ཆོས་ལུགས་མཐར་འཛིན་བཅས་ཀྱི་བྱེད་སྒོའི་རིགས་འགོག་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྲིམས་མཐུན་སྲུང་སྐྱོབ་དང་། ཁྲིམས་མིན་བཀག་འགོག མཐར་འཛིན་བཀག་སྡོམ། སིམ་འཛུལ་ནན་འགོག ཉེས་གསོག་ལ་རྡུང་རྡེག་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ལྗོངས་ནང་ཁུལ་དུ་ཁ་བྲལ་གཏོར་བཤིག་གི་བྱེད་སྒོ་སྤེལ་བའི་སྤྱི་ཚོགས་ཀྱི་རྨང་གཞི་དང་། རྩ་འཛུགས་ཀྱི་རྨང་གཞི། དཔལ་འབྱོར་གྱི་རྨང་གཞི། གླེང་ཕྱོགས་ཀྱི་རྨང་གཞི་བཅས་མཐའ་གཅིག་ཏུ་མེད་པ་བཟོ་དགོས།”ཞེས་སོགས་བརྗོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།