དུས་དབང་ཐེངས་༣༤ པའི་དངུལ་ལྷག་སྤྱི་ཚོགས་ཀྱི་བདེ་རྩར་བགོ་འགྲེམས་བྱས་འདུག
དུས་དབང་ཐེངས་༣༤ པའི་ཐོག་ཁྱོན་ཧིན་སྒོར་ས་ཡ་སུམ་བརྒྱ་གསུམ་དང་དྲུག་འབུམ་བཞི་ཁྲི་ཆིག་སྟོང་བརྒྱ་མེད་སུམ་ཅུ་སོ་བཞི་(༣༠༣,༦༤༡,༠༣༤) བྱུང་ཡོད་པ་དང་། འགྲོ་གྲོན་ཁྱོན་ས་ཡ་ཉིས་བརྒྱ་བདུན་ཅུ་དོན་གཉིས་དང་དྲུག་འབུམ་དགུ་ཁྲི་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་གོ་དགུ་( ༢༧༢,༦༩༢,༥༩༩) སོང་ནས། ལྷག་དངུལ་ཧིན་སྒོར་ས་ཡ་སུམ་ཅུ་དང་དགུ་འབུམ་བཞི་ཁྲི་བརྒྱད་སྟོང་བཞི་བརྒྱ་སུམ་ཅུ་སོ་ལྔ་ (༣༠,༩༤༨,༤༣༥) ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། དུས་དབང་ཐེངས་༣༤ པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག ཚོགས་དྲུང་ཆོས་རིག་དྲུང་ཆེ་ལུང་རྟོགས། ཚོགས་མི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་བཅས་ཀྱིས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་དུས་དབང་གི་བྱུང་སོང་ལྷག་བསྡད་གསུམ་གྱི་རྩིས་ཁྲའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།
གསར་འགོད་གསལ་བསྒྲགས་ལྟར་ན། དུས་དབང་ཐེངས་༣༤ པའི་ཐོག་ཁྱོན་ཧིན་སྒོར་ས་ཡ་༣༠༣,༦༤༡,༠༣༤ བྱུང་ཡོད་པ་དང་། འགྲོ་གྲོན་ཁྱོན་ས་ཡ་ ༢༧༢,༦༩༢,༥༩༩ སོང་ནས། ལྷག་དངུལ་ཧིན་སྒོར་ས་ཡ་ ༣༠,༩༤༨,༤༣༥ ཡོད་པ་རྣམས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྔོན་བསྩལ་རྩ་འཛིན་ལམ་སྟོན་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་༸གོང་ས་༸མཆོག་ལ་སྙན་གསེང་ཞུས་པ་དང་འབྲེལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩར་བགོ་འགྲེམས་བྱ་རྒྱུ་གཏན་འཁེལ་ཡོད་པའི་ཁོངས་ནས།
༡ དུས་དབང་གོ་སྒྲིག་ཚོགས་ཆུང་ལ་མཐུན་འགྱུར་གནང་མཁན་ལ་ཐུགས་རྗེ་ལེགས་འབུལ་དུ་ཧིན་སྒོར་ས་ཡ་༩,༠༢༤,༤༤༥།
༢ གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་སོགས་གཞུང་ཆེན་སློབ་གཉེར་བའི་ཁྲོད་ན་མཆིན་པའི་གཉན་ཚད་ནད་གཞི་ཐོན་བཞིན་པར་སྨན་བཅོས་ཚད་ལྡན་ཡོང་སླད་དུ་འཕྲོད་བསྟེན་ལས་ཁུངས་ལ་མ་དངུལ་ཁ་སྣོན་ཆེད་ཧིན་སྒོར་ས་ཡ་༡༠ གནང་རྒྱུ།
༣ ནང་སྲིད་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་ཡོད་པའི་རྒས་གསོ་ཁང་རྣམས་ཀྱི་ནང་ཆས་གསར་བཟོའི་འགྲོ་སོང་ཆེད་ཧིན་སྒོར་ས་ཡ་༤,༩༨༠,༡༥༠ གནང་རྒྱུ།
༤ མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་སློབ་མཐར་སོན་རྗེས་མཐོ་སློབ་སློབ་ཡོན་ཆེད་ཧིན་སྒོར་ས་ཡ་༤ གནང་རྒྱུ།
༥ བཞུགས་སྒར་དུ་ལོ་ལྟར་ས་གནས་ཧིན་བོད་མཛའ་ཚོགས་སོགས་ས་གནས་ཡུལ་མིའི་ཚོགས་སྡེ་ཁག་ཅིག་ནས་ཧི་མཱ་ལ་ཡའི་དུས་སྟོན་ཞེས་པ་གོ་སྒྲིག་གནང་བཞིན་ཡོད་པ་དེར། ཡུལ་མིར་མཐུན་འབྲེལ་དང་རིག་གཞུང་མཉམ་འབྲེལ་ལ་དམིགས་ཏེ། ནང་སྲིད་ལས་ཁུངས་བརྒྱུད་གྲོན་དངུལ་གནང་མུས་ཡིན་པ་དེའི་མ་དངུལ་ཆེད། ཧིན་སྒོར་ས་ཡ་༢ ནང་སྲིད་ལས་ཁུངས་ལ་གནང་རྒྱུ།
༦ ལྡེ་ར་ལྡུན་ཁྱབ་ཁོངས་རཱཇ་པུར་ལ་རྟེན་གཞི་བྱེད་པའི་མྱོས་རྫས་ངན་གོམས་བཅོས་ཐབས་ཁང་ཞི་བདེ་ཁང་གསར་ཞེས་པ་དེར་བོད་རིགས་ན་གཞོན་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་རྣམས་ལ་གྱོན་ཆས་གསར་ཉོ་སོགས་ཀྱི་ཆེད་འཕྲོད་བསྟེན་ལས་ཁུངས་བརྒྱུད་རོགས་སྐྱོར་ཧིན་སྒོར་འབུམ་༣༥༠,༠༠༠ ཞི་བདེ་ཁང་གསར་ལ་གནང་རྒྱུ།
༧ རྒྱ་གར་བྱང་རྒྱུད་གཞིས་ཆགས་ཆུང་ཁག་ཅིག་ཏུ་མང་ཚོགས་ནས་བསྟན་སྲིད་སྤྱི་རིམ་ཆེད་ལོ་ལྟར་ཆག་མེད་མ་ཎི་དུང་སྒྲུབ་གསོག་སྒྲུབ་ཞུ་བཞིན་ཡོད་པར། འགྲོ་གྲོན་གྱི་དཀའ་ངལ་ཆེན་པོ་ཡོད་སྟབས་གལ་ཆེའི་སྤྱི་རིམ་དེ་དག་མུ་མཐུད་རྒྱུན་སྐྱོང་ཐུབ་སླད། ཆོས་རིག་ལས་ཁུངས་བརྒྱུད་རོགས་དངུལ་ཧིན་སྒོར་འབུམ་༥༩༣,༨༤༠ བཅས་བགོ་འགྲེམས་གནང་རྒྱུ་ཐག་གཅོད་གནང་འདུག
དུས་དབང་སྐབས་༣༤ པའི་མཐའ་བསྡོམས་འགྲོ་སོང་གི་བརྒྱ་ཆ་༢༩ ལྷག་ཙམ་ཡོན་བདག་ཁག་གི་བསྡུ་འབབ་ཁོངས་ནས་ཡོང་ཡོད་པ་དང་། དེ་འཕྲོས་བརྒྱ་ཆ་༧༠ ལྷག་ཙམ་དད་ལྡན་ཆོས་ཞུ་བ་མང་ཚོགས་ཀྱི་ཞལ་འདེབས་ཁོངས་ནས་བྱུང་ཡོད་འདུག
རྩིས་ཁྲ་དང་འབྲེལ་བའི་ཡིག་ཆ་སོགས་ལ་ཞིབ་གཟིགས་གནང་འདོད་ཡོད་མཁན་ཡོད་ཚེ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༤ སྔོན་ཚུད་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དུ་འབྲེལ་བ་བྱེད་དགོས་སྐོར་ཡང་གསུངས་སོང་།
དུས་དབང་སྐབས་༣༤ པའི་ཐོག་མཐའ་བར་གསུམ་དུ་གང་ས་ཅི་ཐད་ནས་ལོ་རྒྱུས་རང་བཞིན་ལྡན་པ་དང་ཚང་མ་དགའ་སྤོབས་གནང་འོས་ལེགས་འགྲིག་བྱུང་ཡོད་པ་ནི། གཙོ་བོ་སློབ་དཔོན་རྡོ་རྗེ་འཆང་༸གོང་ས་༸སྐྱབས་མགོན་ཆེན་པོ་ཉིད་ཀྱི་ཐུགས་རྗེའི་བྱིན་མཐུ་དང་། གཞུང་བསྟེན་ཆོས་སྲུང་གི་གདོང་གྲོགས། གོ་སྒྲིག་འགན་འཁུར་བ་འགོ་ལས་ཡོངས་ཀྱི་ལྷག་བསམ་དང་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་གོ་སྒྲིག་ཚོགས་ཆུང་གིས་བསྒྲགས་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།