དེ་རིང་ཞི་ཅིན་ཕིང་ཨ་རིར་འབྱོར་སྐབས་གནམ་ཐང་གི་ཕྱི་ལོགས་ནས་མི་མང་པོས་ངོ་རྒོལ་བྱས་འདུག
ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་༢༡ གི་འགོ་ཁྲིད་རྣམས་ཨ་རིའི་གྲོང་ཁྱེར་སན་ཧྥེ་རན་སི་སི་ཁོ་ལ་འཛོམས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་ཆེན་ཐེངས་༣༠ པ་དེ་འཚོགས་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་༡༥ ཉིན་ལྷན་ཚོགས་ཀྱི་ཞོར་དུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་བྱ་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག

ཐེངས་འདིར་ཨ་རྒྱ་གཉིས་ཀྱི་དབུ་ཁྲིད་བར་ཐུག་འཕྲད་བྱས་ནས་ཨི་ཟི་རེལ་དང་ཧ་མ་སིའི་བར་གྱི་དམག་འཁྲུག་དང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པའི་སྐོར། བྱང་ཀོ་རི་ཡ་དང་ཨུ་རུ་སུའི་བར་གྱི་འབྲེལ་ལམ་དང་ཐེ་ཝན་གྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་དང་བཅོས་མའི་རིག་རྩལ་(Artificial intelligence) ་སྐོར། དེ་བཞིན་ཚོང་འབྲེལ་དང་དཔལ་འབྱོར་སོགས་ཀྱི་བརྗོད་གཞིའི་ཐོག་ལ་གྲོས་མོལ་བྱ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག
ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཕྱི་ལོ་༢༠༢༢ ལོར་ཧིན་རྡུ་ནེ་ཤེ་ཡ་ལ་ཐོག་མར་ཐུག་འཕྲད་བྱས་ཡོད་པ་དང་། རྗེས་སུ་ཨ་རིས་རྒྱ་ནག་གི་གསང་ལྟའི་ལྒང་བུ་གཏོར་བ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་འཚམས་གཟིགས་ཕེབས་འཆར་ཡོད་པ་དེ་ཉིད་གློ་བུར་དུ་ཕྱིར་འཐེན་བྱས་པ་བཅས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་ཕྱིན་ཡོད་འདུག ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་ཨ་རི་ལ་ཕྱིན་པ་དེ་ལོ་དྲུག་གི་རྗེས་སུ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཨ་རིའི་སྲིད་འཛིན་བྷ་ཌན་དང་དངོས་སུ་ཐུག་འཕྲད་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་འགའ་རེས་བརྗོད་གསལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་ནང་གཞོན་སྐྱེས་ལས་མེད་ཀྱི་གྲངས་འབོར་མང་བའི་དཀའ་ངལ་དང་། རྒྱ་ནག་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཡོད་པའི་ཐོག ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་མ་རྩ་འཛུགས་རྒྱུ་ཉུང་དུ་བཏང་བས། ཐེངས་འདིར་ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་ཐུག་འཕྲད་དང་གྲོས་མོལ་ནི་ཨ་རིའི་སྲིད་འཛིན་ལས་རྒྱ་ནག་གི་སྲིད་འཛིན་ལ་དགོས་གལ་ཆེ་བ་རེད་ཅེེས་རྗོད་བཞིན་འདུག
ཟླ་འདིའི་ཚེས་༡༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་གྲོང་ཁྱེར་སན་ཧྥེ་རན་སི་སི་ཁོའི་གནམ་ཐང་དུ་འབྱོར་ཞིང་། གནམ་ཐང་གི་ཕྱི་ལོགས་སུ་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་མཁན་རྒྱ་རིགས་དང་ཡུ་གུར་བ། ཧོང་ཀོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་བཅས་ཀྱིས་རྒྱལ་དར་དང་འཕྲད་དར་འདྲ་མིན་གནམ་ལ་འཕྱར་ནས་ངོ་རྒོལ་བྱས་ཡོད་འདུག
གཞན་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོ་དེབ་ཐོག་བརྙན་ཐུང་ཞིག་སྤེལ་བའི་ནང་། ཡུ་གུར་བ་བཀག་ཉར་ཁང་ནས་ཐར་བའི་བུད་མེད་ཅིག་གིས་ཡུ་གུར་གྱི་དར་ཆ་འཕྱར་ཏེ། ཞི་ཅིན་ཕིང་། མི་རིགས་རྩ་མེད་གཏོང་རྒྱུ་མཚམས་འཇོག་དགོས་སོགས་ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་མི་ཚོས་རྒྱ་དར་དམར་པོ་འཕྱར་ཏེ་མཐའ་རུ་བསྐོར་བ་མཐོང་རྒྱུ་ཡོད་པ་མ་ཟད། རྒྱ་གཞུང་གིས་ཨ་རིའི་གྲོང་ཁྱེར་སན་ཧྥེ་རན་སི་སི་ཁོ་ལ་ཡོད་པའི་(UC Berkeley and Stanford) ་སློབ་གཉེར་ཁང་དུ་ཡོད་པའི་རྒྱ་རིགས་སློབ་ཕྲུག་བརྒྱ་ཕྲག་མང་པོ་ལ་དངུལ་སྤྲད་ནས་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་རུ་བཅུག་ཡོད་པའི་བརྙན་ཡང་མཐོང་རྒྱུ་འདུག
ལྷག་པར་དུ་(South China Morning Post) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལས་འགུལ་བ་ཚོས་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་དགོས་པའི་ངོ་རྒོལ་བྱེད་དུས། རྒྱ་དར་དམར་པོ་འཁྱེར་མཁན་འགའ་རེས་མདུན་ལམ་བཀག་པས་ཕྱོགས་གཉིས་བར་ལག་འཛིང་ཤོར་བའི་གནས་ཚུལ་ཡང་ཐོན་འདུག
ཟླ་འདིའི་ཚེས་༡༥ ཉིན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་སྐབས། ཨ་རི་ལ་ཡོད་པའི་བོད་མི་མང་དག་ཅིག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པའི་གནས་ཚུལ་དུ་མ་ཞིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མཐོང་རྒྱུ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
